མགོ་རིལ་མ།

མགོ་རིལ་མ།

 

 


ནོར་ལུག་ཁྱུ་དང་རྩེས་པའི་འབྲོག་ཕྲུག་མ། 

སྤང་ཐང་གཡུ་ལོ་གསེབ་ཀྱི་མེ་ཏོག་མ།

བཙན་པོའི་དྲྭ་ནས་ཤོར་བའི་རྒྱང་སྐྱོད་མ།

རང་དབང་བླ་སྲོག་འཚོལ་བའི་གངས་ཕྲུག་མ༎

 

མཁུར་ཚོས་དམར་མདངས་ཡལ་བའི་ཡུལ་འཁྱམས་མ།

ཕ་མ་སྤུན་རྣམས་བྲལ་བའི་གཅེར་བུ་མ།

ས་མཐའ་བཙན་གྱིས་བྱོལ་བའི་ཁེར་རྐྱང་མ།

ལོངས་སྤྱོད་རྒྱས་སྟོན་དབེན་པའི་ཉམ་ཐག་མ༎

 

རྒན་གཞོན་གཉོར་སྐྱོང་མཁས་པའི་བྱམས་ལྡན་མ།

མཛའ་བརྩེའི་གཏིང་མཐའ་ཟབ་པའི་ངང་རིང་མ།

དྲན་གདུང་སྙིང་ལ་གནག་ཀྱང་ཁུར་ལྡན་མ།

ཁྱོ་བོའི་སྙིང་ཁོངས་སྡུག་པའི་ལུ་གུ་མ༎

 

མཐོན་པོའི་ཁྲི་འཕངས་མ་སྨོན་དྲེགས་ལྡན་མ།

དམན་པའི་ལས་སུ་མི་འཇུག་ཚུལ་ལྡན་མ།

ལང་ཚོ་ལྷོད་ཀྱིས་ཡལ་བའི་དར་གཞོན་མ།

ཕྱི་ནང་ཀུན་ལ་མཐུན་པའི་འཛུམ་ལྡན་མ༎

 

བར་གསེང་སྟོང་ཆ་མེད་པའི་བྲེལ་འཚུབ་མ།

ལས་བྱའི་ནགས་སུ་རྒྱུ་བའི་རི་དྭགས་མ།

དམིགས་འདུན་ཁ་ཕོ་དམ་བའི་ཧུར་སྐྱོད་མ།

ཤེས་རབ་རང་བཞིན་གནས་ལ་བརྩོན་ལྡན་མ༎

 

ཕ་སའི་སྐྱོ་གནས་ཐོས་རྗེས་སྡུག་དགུ་མ།

ཟུངས་ཁྲག་གྱེན་དུ་འཕྱུར་བའི་གདོང་དམར་མ།

མིག་ནས་མཆི་མ་བསྐྱིལ་བའི་སྐྱོ་གདུང་མ།

ངུ་ངག་གདངས་སུ་གྱེར་བའི་དབྱངས་ལྡན་མ༎

 

སྒེག་ཉམས་ལུས་སུ་འཁུ་བའི་འཁྱུག་ལྡན་མ།

ཆོས་ཁྲིམས་དྲ་རྒྱ་འོག་ནས་རྣམ་གྲོལ་མ།

མཛེས་སྡུག་ལྕང་ལོ་དྲེགས་ཀྱང་སྡོམ་མེད་མ

ལ་ཞེན་ཁུ་ཚུར་དམ་པའི་མགོ་རིལ་མ༎

 

 

 

གཞུང་དམངས་ཛ་དྲག་ཚོགས་ཆུང་ནས་གོ་སྒྲིག་འོག་སྐྲ་ལོ་འདྲེག་པའི་

རིགས་མཐུན་ཀུན་གྱི་ཆེད་དུ་བྲིས༎