ཨ་རིའི་སྲིད་འཛིན་ྋགོང་ས་མཆོག་དང་མཇལ་འཕྲད་ཞུ་མི་ཆོག་ཟེར།
ད་དུང་མགྲིན་ཚབ་པས་རྒྱ་ནག་གཞུང་གི་ངོས་ནས་ནན་བརྗོད་བྱེད་དགོས་པ་གཅིག་ནི། ཨ་རིའི་གཞུང་གིས་ཁས་ལེན་བྱས་པ་རྣམས་ཚིག་ཐོ་དོན་ལ་གནས་དགོས་པ་དང༌། ྋཏཱ་ལའི་བླ་མ་ལ་ཨ་རིའི་ཡུལ་དུ་ཁ་བྲལ་གྱི་ལས་འགུལ་གང་ཡང་སྤེལ་དུ་འཇུག་མི་ཆོག་ཅེས་བརྗོད་ཡོད་པ་རེད།
ཟླ་འདིའི་ཚེས་༡༩ ནས་ྋགོང་ས་མཆོག་མཆོག་ཨ་རིར་ཆིབས་བསྒྱུར་བཅངས་པ་དེ། ཨོ་བྷ་མའི་འཛིན་སྐྱོང་གསར་པས་ལས་ཁུར་བླངས་ནས་ྋགོང་ས་མཆོག་ཨ་རིར་ཕེབས་པ་དང་པོ་དེ་ཆགས་ཡོད་ཅིང༌། དེ་རིང་གི་ཆིབས་བསྒྱུར་འདིའི་རིང་ལ་ྋགོང་ས་མཆོག་ཨ་རིའི་ས་གནས་ཁག་མི་འདྲ་བ་བཞི་ལྷག་ཙམ་དང༌། གཙུག་ལག་སློབ་གྲྭ་ཆེན་མོ་སོགས་སུ་བརྗོད་གཞི་འདྲ་མིན་ཐད་བཀའ་སློབ་སྩོལ་བཞིན་ཡོད་པ་རེད།
སྤྱིའི་ཆ་ནས་ྋགོང་ས་མཆོག་ནུབ་ཕྱོགས་ཀྱི་ཡུལ་གྲུ་གང་ལ་ཕེབས་རུང་རྒྱ་ནག་གཞུང་གིས་ངོ་རྒོལ་མེད་པ་ཕལ་ཆེར་མི་སྲིད་ཅིང༌། ལོ་སྔོན་མར་ཧཕ་རན་སིའི་སྲིད་འཛིན་གྱིས་པོ་ལན་ཌིའི་ཡུལ་དུ་ྋགོང་ས་མཆོག་དང་མཇལ་འཕྲད་བྱས་པ་རྒྱུ་མཚན་དུ་བྱས་ནས། ཡུ་རོབ་མཉམ་འབྲེལ་གྱི་ཚོགས་འདུར་རྒྱ་ནག་འཛུལ་ཞུགས་བྱེད་རྒྱུ་ཕྱིར་འཐེན་བརྒྱབ་ཡོད་པ་རེད།
འདི་ལོའི་ལོ་སྟོད་དུ་ཨ་རིའི་རྒྱལ་དོན་དྲུང་ཆེ་རྒྱ་ནག་ཏུ་གཟིགས་སྐོར་ལ་སོང་ནས། ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་གཙོ་འདོན་བྱས་ཏེ་འགྲོ་བ་མིའི་ཐོབ་ཐང་དང་བོད། དེ་བཞིན་ཐེ་ཝན་གྱི་གནད་དོན་རྣམས་ལ་དེ་ཙམ་དོ་ནན་པོ་བྱས་མེད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ནས་ལབ་གླེང་མང་པོ་བྱུང་ཡོད་པ་དང༌། དེ་རིང་རྒྱ་ནག་གིས་ཨ་རིའི་ཁས་ལེན་བྱས་པ་རྣམས་ཚིག་ཐོ་དོན་ལ་གནས་དགོས་ཟེར་བའང༌། རྒྱལ་དོན་དྲུང་ཆེ་རྒྱ་ནག་ཏུ་གཟིགས་སྐོར་ཕེབས་པའི་གཏམ་བཤད་དང་གྲོས་མཐུན་བཞག་པ་རྣམས་དང་འབྲེལ་བ་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།