པཎ་ཆེན་རིན་པོ་ཆེ་སྐུ་འཚོ་བཞུགས་ཡོད་མེད་ཐད་བློ་འཚབ་ཡོད།

    ཟླ་འདིའི་ཚེས་༢༥ ཉིན་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་འདས་གསོན་གང་ཡིན་གསལ་པོ་མེད་པའི་ངང་དྷ་སར་རྟེན་གཞི་བྱས་པའི་པཎ་ཆེན་ཨེར་ཏེ་ནི་ཞབས་ཞུ་ལས་དོན་ལྟེ་གནས་ཁང་གི་གོ་སྒྲིག་འོག་རིན་པོ་ཆེའི་འཁྲུངས་སྐར་སྲུང་བརྩི་བྱས་ཡོད་པ་དང། སྐབས་དེར་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང། ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གཉིས་ཀྱིས་འཁྲུངས་སྐར་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་རེད། ཉིན་དེར་ལྟེ་གནས་ཁང་དེའི་གོ་སྒྲིག་འོག་ལོ་ན་༢༠ ཅན་སེར་སྐྱ་ཕོ་མོ་གྲངས་༡༠༨ ཀྱིས་རྒྱལ་བ་ཡབ་སྲས་གཉིས་ཀྱི་ཞབས་བརྟན་གསོལ་འདེབས་ཆུ་ཚོད་གཅིག་རིང་བཏོན་པ་དང། ཁོང་གློད་གྲོལ་ཡོང་ཐབས་ཀྱི་འབོད་སྐུལ་གྱི་མཚན་རྟགས་བསྡུ་རུབ་སོགས་བྱས་ཡོད་པ་རེད། རིན་པོ་ཆེའི་འཁྲུངས་སྐར་གྱི་ཉིན་དེ་པཎ་ཆེན་ཨེར་ཏེ་ནི་ཞབས་ཞུ་དོན་ལྟེ་གནས་ཁང་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་སྐུ་འཚོ་བཞུགས་ཡིན་མིན་གསལ་ཁ་བཟོ་དགོས་པ་དང། གལ་སྲིད་སྐུ་འཚོ་བཞུགས་ཡོད་ཚེ་གདན་ས་བཀྲ་ཤིས་ལྷུན་པོའི་གསེར་ཁྲིར་མངའ་གསོལ་དང་གོང་མའི་རྣམ་ཐར་བདག་གིས་སྐྱོང་རྒྱུའི་མཐུན་རྐྱེན་བསྐྲུན་དགོས། སྐུ་ཞབས་བྱ་བྲལ་རིན་པོ་ཆེས་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་གྲོལ་གཏོང་དགོས། བོད་མི་ཞི་རྒོལ་བ་དམར་གསོད་དང་མནར་གཅོད་གཏོང་རྒྱུ་མཚམས་འཇོག་དགོས། ༸གོང་ས་མཆོག་གི་བཏོན་གནང་བའི་གཉིས་སྨན་དབུ་མའི་ལམ་དང། ༸པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་དགོངས་བཞེད། རང་གཞུང་བཀའ་ཤག་བཅས་ཀྱི་རླབས་ཆེའི་དགོངས་བཞེད་གཅིག་ཏུ་བབས་པ་མི་རིགས་ས་གནས་རང་སྐྱོང་གི་གནད་དོན་ཆ་ཚང་བ་ལག་བསྟར་དང། ང་ཚོས་རྩ་ཁྲིམས་ཀྱི་སྒྲོམ་གཞི་དེའི་ཐོག་ནས་༸པན་ཆེན་སྐུ་ཕྲེང་བཅུ་གཅིག་པའི་སྐོར་གྱི་དཀའ་རྙོག་སེལ་དགོས་པའི་རེ་བ་བྱེད་ཀྱི་ཡོད་ཅེས་སོགས་འཁོད་ཡོད་པ་རེད།
    པཎ་ཆེན་སྐུ་ཕྲེང་བཅུ་པ་སྐུ་གཤེགས་རྗེས་༸གོང་ས་མཆོག་གིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ངོས་འཛིན་གནང་ཡོད་ནའང། ཁོང་སྐུ་འཁོར་དང་བཅས་པ་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་པ་དང། དེའི་སྐབས་ཆུང་སྲིད་རིན་པོ་ཆེ་དགུང་ལོ་དྲུག་ཡིན་པས། འཛམ་གླིང་ནང་ལོ་ན་ཆུང་ཤོས་ཀྱི་བཙོན་པ་ཞིག་ཆགས་ཡོད་པ་རེད། དེ་དང་སྟབས་བསྟུན་ནས་རྒྱ་ནག་གཞུང་གིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་ཡང་སྲིད་གསེར་བུམ་དཀྲུགས་པ་ཡིན་སྐོར་བརྗོད་དེ་རྒྱ་མཚན་ནོར་བུ་བསྐོ་བཞག་གིས་ད་ལྟ་བར་སྲུང་སྐྱོབ་བྱས་ཡོད་ནའང། བོད་མིའི་ངོས་ནས་རྒྱ་ནག་གིས་བསྐོ་བཞག་བྱས་པ་དེར་ངོས་ལེན་བྱེད་ཀྱི་མེད་པ་མ་ཟད། རྒྱ་ནག་དམར་ཤོག་ཚོགས་པ་ནི་ཆོས་མེད་སྨྲ་བ་ཞིག་ཡིན་པས་ཡང་སྲིད་བསྐོ་བཞག་ཐག་གཅོད་བྱས་པ་དེ་ཡ་མཚན་སྐྱེ་དགོས་པ་ཞིག་ཀྱང་ཆགས་ཡོད་པ་རེད། རྒྱ་མཚན་ནོར་བུ་ཡང་རྒྱ་ནག་གི་དབང་བསྒྱུར་འོག་ཏུ་ཡོད་པས། རྒྱ་ནག་དབུས་གཞུང་གིས་ཁོང་རྒྱལ་གཅེས་ཆོས་གཅེས་པ་ཡིན་སྐོར་བརྗོད་ཀྱི་ཡོད་ནའང། ད་ལྟ་བར་ཁོང་རང་དབང་གི་གསར་འགོད་པ་སོགས་ལ་ཐུག་འཕྲད་བྱེད་བཅུག་ཐུབ་ཀྱི་མེད་པ་རེད།།