བསམ་ཚད་གླུ་རུ་ལེན་པ་གསོག་སྒར་གཤིས།།

རྒྱལ་རབས་ལོ་རྒྱུས་མེ་སྲེག་གཏོང་དགོས་ཞེས།།

བསམ་ཚད་གླུ་རུ་ལེན་པ་གསོག་སྒར་གཤིས།།

ཆོས་སྲིད་དཔལ་ཡོན་གཏོར་བའི་མུ་ཏོ་བ།།

མི་བཞིའི་རོ་ལང་སློང་པ་གསོག་སྒར་གཤིས།།

 

སྔོན་གྱི་བག་ཆག་བཟང་པོ་དགྲ་རུ་ལོག།

དེང་རབས་ཁ་རུ་གྱེར་བ་གསོག་སྒར་གཤིས།

དེང་གི་གསར་སྐྱེས་མི་འགྲོ་ལུང་པར་འགྲོ།།

མི་དགོས་སྲོལ་ངན་སློང་བ་གསོག་སྒར་གཤིས།།

 

དུས་རབས་རེ་ལ་སྤྱོད་པ་སོ་མ་རེ།།

བར་མཚམས་རེ་ལ་སྐད་རིགས་ཁ་ཁ་རེ།།

དབྱར་དགུན་རེ་ལ་འགྱུར་བ་སྣ་ཚོགས་རེ།།

འགྱུར་བའི་རི་མོ་མི་གཅིག་སྣ་ཚོགས་རེ།།

 

ང་དང་ཨ་མའི་ལས་དབང་གཏོར་མི་རུང༌།།

ཁྱོད་དང་ཨ་ཕའི་ཁྲིམས་ཁ་བརྗེད་མི་རུང༌།།

སུམ་གཉིས་དབང་བསྒྱུར་རི་མོ་བསུབ་མི་རུང༌།།

ཡུལ་སྲོལ་གོམས་གཤིས་བཟང་པོ་བརླགས་མི་རུང༌།།

 

རྩག་བུ།