བཙན་བྱོལ་བུད་མེད་རྩོམ་པ་པོ་རྣམས་ཀྱི་འཚོལ་སྙེག

ཝ྄འ་ན་བུད་མེད་ཚོགས་པའི་ཚོགས་གཙོ་པདྨ་ཆོས་སྒྲོན་གཙོས་པ་སངས་ལྷ་མོ་དང་གཅན་ཚ་གཡང་ཕྱུག ཀུན་དགའ་ཆོས་ཉིད་བཅས་མི་བཞིའི་རྩོམ་སྒྲིག་གནང་བ་ཞིག་རེད། དེབ་ནང་བསྡོམས་ཤོག་གྲངས་ཉིས་བརྒྱ་ལྔ་བཅུའི་ནང་བརྩམས་སྒྲུང་ཁག་གསུམ་དང་ཚིག་བཅད་སྙན་ངག་གསུམ། རང་མོས་སྙན་ངག་ཁག་དགུ་དང་ལྷུག་རྩོམ་ཁག་བཞི། དེ་མིན་འབོལ་རྩོམ་ཁག་ལྔ་བཅས་སྡེ་ཚན་ལྔའི་ནང་བུད་མེད་རྩོམ་པ་མོ་བཅུ་ཡིས་རྩོམ་ཡིག་སྤེལ་ཡོད་པ་རེད། དཔེ་དེབ་མདུན་ཤོག་སྟེང་བུད་མེད་ཅིག་གིས་ལག་གཡས་པར་སྨྱུ་གུ་ཐོག་ཅིང་གནམ་ལ་བཀྱག་པ་དང༌། ལག་གཡོན་པར་སྣག་ཚའི་སྒམ་ཆུང་འཛིན་ནས་མདུནསྙེག་བྱེད་བཞིན་པའི་རྣམ་པ་མཚོན་འདུག་སྙམ།

རྩོམ་སྒྲིག་འགན་གཙོ་པདྨ་ཆོས་སྒྲོན་ལགས་ཀྱིས་བཙན་བྱོལ་བུད་མེད་ཀྱི་རྩོམ་དེབ་འདི་དཔར་སྐྲུན་གྱི་རྒྱབ་བརྟེན་འཚོལ་བའི་འགན་གཙང་བཞེས་གནང་བའི་ཐོག་ཁོང་མོ་ཚོས་དཀའ་སྤྱད་དང་སྙིང་རུས་ལ་བརྟེན་ནས་ད་ཆ་བཙན་བྱོལ་བུད་མེད་ཀྱི་རྩོམ་ཡིག་ཕྱོགས་བསྒྲིག་འཚོལ་སྙེག་ལེགས་སྒྲུབ་བྱུང་ཞིང། སྔོན་གླེང་དུ་བོད་ནང་གི་བུད་མེད་རྩོམ་པ་པོས་རྩོམ་ཡིག་པྱོགས་སྡེབ་བཞོ་ལུང་གཙོས་པའི་ཕ་སའི་མ་ཡུམ་ཚོའི་བྱ་བཞག་ལ་མཉམ་ལས་དང་གཞོགས་འདེགས་མཚོན་ཐབས་ཡིན་སྐོར་དང༌། རྩོམ་སྒྲིག་གི་བརྒྱུད་རིམ་སྐོར་དང་བོད་ཀྱི་བུད་མེད་ཡོངས་ལ་རང་བུད་མེད་ཅིག་ཡིན་ཡང་དམན་ས་འཛིན་མི་དགོས་ལ་བུད་མེད་སུ་ཡིན་ཡང་མི་ཚེའི་མདུན་ལམ་དུ་ལེགས་པོའི་འཚོལ་སྙེག་རེ་ཡོང་བའི་འབོད་བསྐུལ་ཡང་ནན་ཆེ་གསུངས་འདུག

བཙན་བྱོལ་སྤྱི་ཚོགས་སུ་ད་དུང་ཨ་མྱེས་རྨ་ཆེན་གྱིས་དཔར་འགྲེམས་བྱེད་བཞིན་པའི་བུད་མེད་སྐོར་གྱི་དུས་དེབ་གཡུ་མཚོ་དང༌། བཙུན་དགོན་སྒྲོན་མ་གླིང་གི་ཐེའུ་གསར། བུད་མེད་ལྷན་ཚོགས་ཀྱི་སྒྲོན་མ་དུས་དེབ་བཅས་ཀྱང་འགྲེམས་སྤེལ་བྱེད་བཞིན་ཡོད་ལ། དེ་དག་ནི་བུད་མེད་རྩོམ་པ་མོ་གང་མང་བསྐྱེད་བསྲེང་ཡོང་ཐབས་ཀྱི་སྟེགས་བུ་ཞིག་རེད། གསར་དེབ་འདི་ཡང་ཡུལ་གྱར་མ་ཡུམ་ཚོས་འཚོལ་བསྙེག་གི་གོམས་སྟབས་གསར་པ་ཞིག་ཡིན་ལ༌། མ་ཡུམ་ཚོའི་སེམས་ནས་བརྡོལ་བའི་སྙིང་གཏམ་ཡང་ཡིན་ཆོག

རྩོམ་ཡིག་གི་ནང་དོན་དང་རྩོམ་རྩལ་གྱི་ཆ། དེ་མིན་རྩོམ་སྒྲིག་གི་ཆ་ནས་ཀྱང་ད་དུང་ཡར་རྒྱས་ལ་ཁ་ཕྱོགས་དགོས་ངེས་ཀྱང༌། དེ་ནི་བཙན་བྱོལ་བུད་མེད་ཚོས་མདུན་སྙེག་གི་གོམས་སྒྲ་ཅིག་ཡིན་ཕྱིར་དགའ་འོས་པའི་གནས་ཚུལ་ཞིག་ཅི་ལ་མིན།  སྤྱིའི་ཆ་ནས་བཤད་ན་ཝ྄འ་ནའི་མཐོ་སློབ་ཀྱི་གཞོན་ནུ་མ་བཞི་ཡིས་སློབ་གཉེར་གྱི་བར་གསེང་གི་དུས་ཚོད་བཏང་ནས་རྩོམ་ཡིག་ཤོག་གྲངས་ཉིས་བརྒྱ་ལྔ་ཅུ་ང་བརྒྱད་ཚང་མ་ཡིག་འཇུག་སོགས་ཀྱི་ལས་མང་བྲེལ་དགོས་ཤིང༌། ད་ལྟའི་ཆར་དཔར་སྐྲུན་ལེགས་གྲུབ་བྱུང་བ་དེ་ནི་ཤིན་ཏུ་དགའ་འོས་ཀྱི་དོན་བཟང་ཞིག་ཡིན་ལ། ཁོང་མོ་ཚོས་བརྩོན་འགྲུས་ལྷོད་མེད་གནང་བའི་ལྷག་བསམ་གྱི་ཟུར་ཞིག་ཀྱང་མཐོང་ཐུབ་བོ་སྙམ།

ད་དུང་བཙན་བྱོལ་དུ་བུད་མེད་གཞན་རྣམས་ཀྱིས་ཀྱང་ཆེད་གཉེར་མིན་པའི་ལས་ཞོར་དུ་སྐད་རིགས་འདྲ་མིན་ཐོག་རྩོམ་ཡིག་གི་ལམ་དུ་འཚོལ་སྙེག་བྱས་པའི་འབྲས་བཟང་འབུས་ཐབས་དང༌། ད་དུང་བུད་མེད་རྩོམ་པ་མོ་དང་དེ་མིན་གྱི་ལས་གནས་གང་ཡིན་རུང་ཡརརྒྱས་ཡོང་ཐབས་སུ་འབད་འབུངས་ལྷོད་པ་མེད་པའི་ཐོག་ནས་ཕུལ་བྱུང་མ་གང་མང་བསྐྱེད་བསྲེང་ཡོང་ཐབས་ལ་བརྟེན་ནས། བོད་ཀྱི་བུད་མེད་ཚོས་ཀྱང་ཁ་བ་ཅན་ཚོའི་བདེ་སྡུག་དེ་སྐྱེས་པ་ཕོ་དང་མཉམ་དུ་དོག་མེད་ངང་ནས་ཕྲག་པར་འདེག་ཐུབ་པའི་རེ་སྨོན་སྙིང་ནས་ཞུའོ།