ས་ཞིང་མ་བཏབ་པའི་ངོ་རྒོལ་ལས་འགུལ།
ད་དུང་རྒྱ་གཞུང་གིས་ར་མདོ་ས་གནས་ནས་བོད་མིའི་ས་ཞིང་ཁག་ཅིག་ཉོས་ཏེ་དམག་སྒར་རྒྱག་བཞིན་ཡོད་པ་དང༌། གྲོང་ཚོ་སོ་སོར་ལས་དོན་རུ་ཁག་མི་གསུམ་རེ་ཙམ་བབས་ཏེ་ཞིང་ཁར་ནམ་རྒྱུན་འདེབས་སྲོལ་གྱི་འབྲུ་རིགས་རྣམས་ད་ལྟ་བཏབ་ན་དུས་ཐོག་སྐྱེ་མི་སྲིད་ཀྱང་ཞོ་ཁོག་དང༌། སྲན་མ། ཡུག་པོ་སོགས་བཏབ་ནས་ཞིང་ཁ་རྨོ་དགོས་པའི་བཀའ་གཏོང་བཞིན་ཡོད་འདུག། གལ་སྲིད་བོད་མི་ཚོས་ས་ཞིང་མ་བཏབ་པ་ཡིན་ཚེ་དམག་མིའི་འདྲུད་འཐེན་འཁོར་ལོས་ཞིང་ཁ་རྨོ་རྒྱུ་ཡིན་སྐོར་བཤད་ཡོད་འདུག་ཀྱང་བོད་མི་ཚོས་རྨོ་བཅུག་ཡོད་མི་འདུག
ད་ལྟ་རུ་བ་མང་པོ་ཞིག་ནས་བོད་མི་ཕོ་སྐྱེས་ཕལ་ཆེར་དབྱར་རྩྭ་དགུན་འབུ་རྐོ་རུ་འགྲོ་རྒྱུ་ཡིན་ཚུལ་སོགས་ལ་ཁ་གཡར་ནས་རི་ལ་ཕྱིན་ཟིན་ཡོད་པ་དང། ས་ཞིང་རྨོ་མཁན་དང༌། ལས་དོན་རུ་ཁག་གི་ཚོགས་འདུ་ལ་ཞུགས་མཁན་ཡང་དཀོན་པོ་ཆགས་ཡོད་འདུག ཁོང་རྣམས་ཀྱིས་ས་ཞིང་འདེབས་ལས་མི་བྱེད་པའི་དོན་ནི་བོད་མི་རྣམས་རྡོག་རྩ་གཅིག་སྒྲིལ་དང༌། རྐྱེན་འདས་མནར་གཅོད་མྱོང་མཁན་རྣམས་ཀྱི་སྡུག་བསྔལ་སྲུང་ཆེད་ཡིན་སྐོར་སོགས་བཤད་ཀྱི་ཡོད་འདུག།།