བོད་ནང་གི་ཞི་བའི་ངོ་རྒོལ་ལས་འགུལ་བ་ལྔ་རྒྱ་གར་དུ་འབྱོར་འདུག
ཟླ་འདིའི་ཚེས་༡༡ ཉིན་གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ་མདོ་སྨད་དབུས་རྒྱུན་ལས་ཁང་གི་གོ་སྒྲིག་འོག་ཁོང་ཚོའི་ངོ་རྒོལ་ལས་འགུལ་སྐོར་ངོ་སྤྲོད་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང། དེའི་ནང་ནས་ཕ་ཡུལ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་ནས་ཡིན་པ་དགེ་འདུན་རྒྱ་མཚོ་དང༌། སྐལ་བཟང་སྦྱིན་པ་རྣམ་གཉིས་ནི་ཕྱི་ལོ་༢༠༠༨ ལོའི་ཟླ་༣ ཚེས་༡༤ ཕྱི་དྲོ་བོད་མདོ་སྨད་བླ་བྲང་ཁུལ་ནས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྣེ་འཁྲིད་མཁན་གཙོ་གྲས་ཡིན་པ་དང༌། ཕ་ཡུལ་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་བསང་ཆུ་རྫོང་ནས་ཡིན་པ་འཇམ་དབྱངས་སྦྱིན་པ་དང༌། ཕ་ཡུལ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཡུལ་རྒན་རྫོང་ནས་ཡིན་པ་བློ་བཟང་རྒྱ་མཚོ། ཕ་ཡུལ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་ནས་ཡིན་པ་འཇིགས་མེད་རྒྱ་མཚོ་བཅས་ནི་༢༠༠༨ ལོར་ཟླ་༤ ཚེས་༩ ཉིན་མདོ་སྨད་བླ་བྲང་དགོན་དུ་རྒྱལ་སྤྱིའི་གསར་འགོད་པ་ཁག་ཅིག་འབྱོར་བའི་སྐབས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་གཙོ་གྲས་རྣམས་ཡིན་པ་རེད།
གསར་འགོད་གསལ་བསྒྲགས་དེའི་སྐབས་དགེ་འདུན་རྒྱ་མཚོ་ལགས་ཀྱིས་གསུང་དོན། ང་རང་ལ་མཚོན་ན་ནིང་ཕྱི་ཟླ་༣ པའི་ནང་ཡར་ལངས་བརྒྱབ་པ་དེ་མི་གཞན་གྱི་བཀོད་འདོམས་འོག་ནས་བྱས་པ་ཞིག་མིན། ཡོན་ཏན་གྱི་ཆུ་ཚད་དམན་པ་དང༌། ཆབ་སྲིད་ཀྱི་གོ་རྟོགས་མེད་མཁན་ཞིག་ཡིན་མོད། མི་རིགས་ཤིག་གི་བདེ་སྡུག་ལ་བསམ་བློ་གཏོང་མཁན་ཞིག་ཡིན་པའི་ངོས་ནས་མི་རིགས་ལ་ཞབས་འདེགས་སྒྲུབ་དགོས་ན། ཁྱད་ཆོས་ངེས་ཅན་ཞིག་ཚང་དགོས་ཀྱི་རེད། ཡིན་ན་ཡང་རང་ཉིད་ལ་ཁྱད་ཆོས་གཅིག་ཀྱང་ཚང་མི་འདུག རང་ལ་ཡོད་པ་དང་དབང་བ་དེ་ལུས་སྲོག་ལོངས་སྤྱོད་དེ་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་གཏོང་ཐུབ་ན། སྐྱེ་བ་སྔོན་གྱི་ལས་དང་བསོད་ནམས་ཡིན་པ་སེམས་ལ་བཟུང་ནས་སེམས་ཐག་གཙང་བཅད་ཀྱིས་ངོ་རྒོལ་ལས་འགུལ་སྣེ་ཁྲིད་བྱེད་རྒྱུའི་སེམས་ཐག་བཅད་པ་ཡིན་ཞེས་སོགས་སྔ་ལོའི་ཟླ་གསུམ་པའི་ཚེས་༡༤ ཉིན་ལས་འགུལ་ནང་དངོས་སུ་ཞུགས་པའི་སྐོར་ངོ་སྤྲོད་གནང་སོང༌།
འཇམ་དབྱངས་སྦྱིན་པ་ལགས་ཀྱིས་གསུང་དོན། རྒྱ་དམར་གྱིས་ལས་འགུལ་འདྲ་མིན་གང་ཞིག་སྤེལ་ན་ཡང་ཕུགས་དོན་དེ་རང་མི་རིགས་ལ་གནོད་པ་དང་རྩ་བརླག་འགྲོ་རྒྱུ་རྐྱང་རྐྱང་ཡིན་པ་སེམས་ནས་མ་བཟོད་པས། ཡར་ལངས་བྱས་པ་དེ་ཕྱོགས་གཅིག་རེད། གཉིས་ནས་སྤྱིར་ནང་པའི་བསྟན་པ་རིན་པོ་ཆེ་འདིས་འཛམ་གླིང་ལ་ཕན་ངེས་ཅན་ཐོགས་པ་ཞིག་རེད། འོན་ཀྱང་དེ་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུའི་རང་དབང་མི་འདུག བཀའ་ཆོས་ཤིག་གནང་དགོས་རུང་རྒྱ་དམར་སྲིད་གཞུང་གི་ཆོག་མཆན་དགོས་ཀྱི་འདུག ཆོས་ལུགས་ཀྱི་ཆོ་ག་ཡིན་རུང་དེ་འདྲ་རེད། སྨྲ་བརྗོད་དང༌། འདུ་འཛོམས་ཀྱི་རང་དབང་མི་འདུག རྒྱལ་བ་རིན་པོ་ཆེ་ལ་སྐྱབས་འཇུག་ཞུ་ས་མི་འདུག འདི་ཚོ་ལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང༌། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སོགས་ཀྱིས་་དོན་དངོས་པོའི་ཐོག་ནས་ཞིབ་འཇུག་དང༌། རྒྱ་ནག་ལ་གནོན་ཤུགས་ཤིག་སྤྲད་ན་བསམ་པ་ལ་སོགས་པ་ང་ཚོའི་སེམས་ནང་རྨ་ཁ་འདྲ་མིན་ཞིག་ཡོད་པ་རེད་ཅེས་དང༌། དེ་རིང་གོ་སྐབས་འདི་ཐོབ་པ་རེད་མ་གཏོགས། ང་ཚོས་ལས་འགུལ་ནང་དུ་ཞུགས་ནས་ཕྱི་ལོག་ཏུ་འདི་ལྟར་འགྲོ་བསམ་པའི་འཆར་གཞི་མེད། རྒྱ་མིས་འཛིན་རྒྱུ་གཞིར་བཞག་བྱས་པ་རེད། ལོ་གཅིག་གི་ལྷག་ཙམ་གྱི་རིང་ལ་རྫ་ཁ་རི་ཁ་འགྲིམས་ནས་ས་དོང་ནང་དུ་ཉལ་བ་དང༌། ལྟོ་ཆས་སོགས་ལ་དཀའ་ངལ་མང་པོ་འཕྲད་སོང་ཞེས་སོགས་སྔ་ལོའི་ཕྱི་ཟླ་༤ ཚེས་༩ ཉིན་རྒྱལ་སྤྱིའི་གསར་འགོད་པ་བླ་བྲང་དགོན་དུ་འབྱོར་སྐབས་ངོ་རྒོལ་ཇི་བྱས་སྐོར་ངོ་སྤྲོད་གནང་སོང༌།
སྤྱིར་གོང་གི་མི་སྣ་གཉིས་ཀྱིས་ངོ་སྤྲོད་བྱས་པའི་སྙིང་དོན་ནི། སྔ་ལོའི་ངོ་རྒོལ་གྱི་ལས་འགུལ་དེ་དག་ནང་འཚེ་བའི་བྱ་སྤྱོད་གཅིག་ཀྱང་འདྲེས་མེད་པ་མ་ཟད། ྋགོང་ས་མཆོག་གི་བཀའ་བཞིན་འཚེ་མེད་ཞི་བའི་ཐོག་ནས་རྒྱ་གཞུང་སྐད་འབོད་དང་རེ་འདུན་ཞུས་པ་དེར། རྒྱ་གཞུང་གིས་དྲག་དམག་བཏང་ནས་བོད་མི་བསད་རྡུང་བཙོན་འཇུག་བྱས་པ་དངོས་ཡོད་མྱོང་བའི་ཐོག་ནས་ར་སྤྲོད་གནང་སོང་ལ། བླ་བྲང་དུ་རྒྱལ་སྤྱིའི་གསར་འགོད་པ་ཡོང་གི་ཡོད་མེད་ཀྱི་གནས་ཚུལ་གསང་བ་བྱས་པ་དང། རྒྱ་གཞུང་གིས་བོད་དོན་ཐད་གསང་བ་འདྲ་མིན་བྱེད་ཀྱི་ཡོད་པའི་ར་སྤྲོད་ཀྱང་གསལ་པོ་གནང་སོང༌། དེ་རྗེས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་འཚམ་འདྲིའི་ཁ་བཏགས་ཕུལ་ཡོད་པ་རེད།།