བྷེལ་ཀོབ་དུ་རྒྱ་གར་དང་བོད་པའི་བར་འཁྲུག་རྩོད།
སྐབས་དེར་བོད་ཕྲུག་ཞིག་གིས་སེན་གཏུབ་དང་སྟེབ་གྲི་འབྱར་མ་ཡོད་པའི་གྲི་ཆུང་ཞིག་གིས་རྒྱ་གར་བ་གཉིས་ལ་བཙུགས་ཙམ་རེ་བྱས་པར་བརྟེན། བོད་པས་གྲི་བརྒྱབ་པའི་གནས་ཚུལ་ཆགས་ནས་རྒྱ་གར་ཡུལ་མི་༣༠༠ ཙམ་གྱིས་བོད་པ་ལམ་འགྲོ་བ་༢༠ ལྷག་བཀག་འགོག་བྱས་ཏེ་དཀའ་རྙོག་བྱུང་ཡོད་པ་རེད། རྒྱ་གར་བ་རྣམས་ཀྱིས་བོད་པ་ཁྲིམས་འགལ་བས་གྲི་འཁྱེར་རྒྱུ་མཚམས་འཇོག་དགོས་པ་དང་ཁྲིམས་གཅོད་དགོས་པ། ཕྱིར་འབུད་བྱ་དགོས་པ་སོགས་ཀྱི་སྐད་བོད་བྱས་ནས་ངོ་རྒོལ་ཀྱང་བྱས་ཡོད་པ་རེད།
ས་གནས་འགོ་འཛིན་སོགས་འབྲེལ་ཡོད་འགན་ཁུར་བ་རྣམས་ཀྱིས་འཕྲལ་མར་གནས་ཚུལ་ཞི་འཇམ་ཡོང་ཐབས་ཉིན་མཚན་གཉིས་སུ་ཛ་དྲག་ངང་བྱས་པ་དང། མཐར་རྒྱ་གར་དཔོན་རིགས་དང་ཉེན་རྟོག་པ་སོགས་དང་གྲོས་མོལ་རིམ་པ་བརྒྱུད་བོད་པ་རྒྱག་རེས་བྱེད་མཁན་ཚོ་ཉེན་རྟོག་པར་རྩིས་སྤྲོད་ཐུབ་པ་དང་རྒྱ་གར་ནད་པར་སྨན་བཅོས་དང་ལས་ཀའི་ཉིན་གླའི་འཚབ་སྤྲད་རྒྱུ་སོགས་བྱས་ནས་གནས་ཚུལ་ཞི་འཇམས་བྱུང་ཡོད་པ་ས་གནས་འགོ་འཛིན་བཀྲིས་དབང་འདུས་ལགས་ཀྱིས་འགྲེལ་བརྗོད་གནང་སོང༌།
བོད་ཕྲུག་ཚོ་ཁྲིམས་ཐོག་ལ་འགྲོ་དགོས་པ་རེད། བོད་ཕྲུག་དེ་དག་ནི་མང་ཆེ་བ་སློབ་ཕྲུག་ཡིན་པ་དང་ཆུང་ཤོས་ལོ་༡༥་ནས་ལོ་༢༠ རྩ་གྲངས་ཅན་ཡིན་པ་རེད་འདུག སྐབས་འདིར་རྒྱ་གར་ཡུལ་མི་རྣམས་ཀྱིས་བོད་པ་གཞོན་སྐྱེས་ཚོས་གྱོན་པ་གྱོན་སྟངས་དང་སྤྱོད་པ་འཁྱེར་སྟངས་སོགས་ཀྱིས་རྒྱ་གར་བའི་ཡུལ་སྲོལ་གོམས་གཤིས་ལ་ཁྱད་གསོད་དང་ཐོང་ཆུང་བྱེད་ཀྱི་ཡོད་པ་དང། ཁང་བརྩེགས་མཐོན་པོ་བརྒྱབ་པ། སྦག་སྦག་མང་པོ་ཉོ་བ་སོགས་ཀྱང་སྐྱབས་བཅོལ་བ་ཞིག་གི་གནས་བབས་དང་ཚུལ་མཐུན་མིན་པའི་སྐྱོན་བརྗོད་བྱས་ཡོད་པ་རེད།
ད་དུང་ད་ལོ་བོད་པས་རྒྱ་གར་ནང་ལོ་༥༠ འཁོར་བའི་དུས་དྲན་ནི་བོད་པས་རྒྱ་གར་བ་ལ་ལོ་༥༠ རིང་མཐོང་ཆུང་གཡོ་འགུག་བྱས་པ་དང༌། སྒོར་མོ་གསོག་རྒྱུ་ལོན་པ་སོགས་ལ་དགའ་སྟོན་ཡིན་པའི་སྐྱོན་བརྗོད་ཀྱང་བྱས་པའི་གནས་ཚུལ་བྱུང་ཡོད་པ་རེད།། གང་ལྟར་ས་གནས་འདིར་ཡུལ་མི་དང་བོད་མིའི་བར་འགལ་བ་མང་ཆེ་བ་ནི་བོད་པས་རྒྱས་སྤྲོས་བྱ་རྒྱུ་ཆེ་དྲག་པ་དང་བོད་པ་གཞོན་སྐྱེས་ཚོའི་སྤྱོད་པ་འཁྱེར་སྟངས་དང་དུག་ལོག་གྱོན་སྟངས་སོགས་ཀྱིས་ཡུལ་མིར་ཕོག་གཏུག་འགྲོ་བཞིན་ཡོད་པས་རེད། མེ་སོར་གསར་འགོད་པས།
