ཡུ་རོབ་མཉམ་འབྲེལ་དང་རྒྱ་ནག་བར་གྱི་ལྷན་ཚོགས་ལ་རེ་བ།
དེ་དོན་དག་འགྲུབ་རྒྱུ་མེད་པ་དང། ལག་བསྟར་མི་ཐུབ་པའི་གནད་དོན་ཞིག་ཡིན་པ་གསལ་པོ་བཟོ་དགོས་པ་དང། བོད་ཀྱི་གནད་དོན་དེ་རྒྱ་བོད་གཉིས་ཀས་གྲོས་མོལ་བྱས་ཏེ་ཕྱོགས་གཉིས་ཀར་མོས་མཐུན་ཡོད་པའི་ཐག་གཅོད་ཅིག་མ་བྱུང་ན་བོད་ཀྱི་གནད་དོན་དེ་ཡུ་རོབ་མཉམ་འབྲེལ་དང་རྒྱ་ནག་དབར་གནད་དོན་ཆེན་པོ་ཞིག་མུ་མཐུད་གནས་ཡོད་པ་གསལ་པོ་བཟོ་རྒྱུ་གལ་ཆེན་པོ་རེད། རྒྱ་བོད་བར་གྱི་གནད་དོན་དེ་ཞི་མོལ་གྱི་ཐོག་ནས་སེལ་དགོས་པ་རེད་མོད། རྒྱ་ནག་གཞུང་གིས་ཞི་མོལ་དེ་ལྷག་བསམ་རྣམ་དག་དང། དོན་ཕན་ལྡན་པ་ཞིག་བྱེད་ཀྱི་ཡོད་པ་མ་རེད། མ་འོངས་པར་རྒྱ་ནག་གཞུང་དང་བོད་ཀྱི་དབུ་ཁྲིད་རྣམ་པའི་བར་དངོས་ཡོད་གནས་ཚུལ་དང་མཐུན་པ། ལྷག་བསམ་རྣམ་དག་གིས་འབྲེལ་མོལ་བརྒྱུད་བོད་ཀྱི་གནད་དོན་དེ་སེལ་དགོས་པ་གལ་ཆེན་པོ་ཡིན་པ་གསལ་པོ་བཟོ་དགོས་པ་རེད་ཅེས་སོགས་འཁོད་ཡོད་པ་རེད།
ཟླ་འདིའི་ཚེས་༡༨ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ཡུ་རོབ་མཉམ་འབྲེལ་དང་རྒྱ་ནག་གཉིས་དབར་ཚོགས་གཏན་ཁེལ་ཡོད་པའི་ལྷན་ཚོགས་དེས། ཡུ་རོབ་མཉམ་འབྲེལ་གྱིས་འགྲོ་བ་མིའི་ཐོབ་ཐང་དང་བོད་ཀྱི་གནས་བབས་ཐོག་འཛིན་པའི་སྲིད་ཇུས་རྣམས། གསལ་ཁ་མེད་པ་དང་མངོན་པར་མི་གསལ་བ་ཞིག་བསྟན་ཡོད་པ་རེད་ཅེས། ཨ་རིར་རྟེན་གཞི་བྱས་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བརྗོད་ཡོད་པ་རེད།
དེ་ཡང་ལོ་སྔོན་མའི་ཟླ་བ་༡༢ པའི་ནང་རྒྱ་ནག་གཞུང་གིས་ཧྤ་རན་སིའི་སྲིད་འཛིན་ྋགོང་ས་མཆོག་དང་མཇལ་འཕྲད་ཞུས་པ་རྒྱུ་མཚན་དུ་བྱས་ནས། ཡུ་རོབ་མཉམ་འབྲེལ་གྱི་ལྷན་ཚོགས་སུ་འཛུལ་ཞུགས་ཕྱིར་འཐེན་བྱས་ཡོད་ཀྱང༌། ཟླ་འདིར་སླར་ཡང་ཡུ་རོབ་མཉམ་འབྲེལ་དང་རྒྱ་ནག་གཉིས་ཚད་མཐོའི་ལྷན་ཚོགས་སྐོང་ཚོགས་བྱེད་རྒྱུ་ཡིན་པ་དེ། ཡུ་རོབ་མཉམ་འབྲེལ་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་རྩ་དོན་ཐོག་སྲ་བརྟན་འགྱུར་མེད་ངང་གནས་ཐུབ་མེད་པའི་སྐྱོན་བརྗོད་བྱས་ཡོད་པ་རེད།
ཡུ་རོབ་མཉམ་འབྲེལ་འོག་ཡོད་པའི་རྒྱལ་ཁབ་༢༧ གྱི་འཐུས་མི་ཚོས། རང་ཉིད་ཀྱི་ཁེ་ཕན་སྒྲུབ་རྒྱུ་གཙོ་བོ་བྱས་ཏེ་ཆབ་སྲིད་ཀྱི་ལངས་ཕྱོགས་མང་པོ་བཟུང་ཡོད་པས། བོད་ཀྱི་གནས་བབས་ཐད་འགྲེལ་བརྗོད་བྱས་པ་རྣམས་དེ་ཙམ་བོད་མིའི་དགོས་མཁོ་དང་འཚམས་པ་དང་འདོད་བློ་ཚིམས་པ་ཞིག་ཡོང་ཐུབ་མེད་པ་རེད་ཅེས་དང། བོད་དེ་རྒྱ་ནག་དང་ཡུ་རོབ་མཉམ་འབྲེལ་གཉིས་ཀྱི་འབྲེལ་བ་ལ་དགོས་ངེས་ཤིག་ཡིན་པས། ཡུ་རོབ་མཉམ་འབྲེལ་ངོས་ནས་སྔོན་བཤད་པ་ལྟར་ལག་བསྟར་དགོས་ཚུལ་དང༌། དེ་བཞིན་ཉེ་དུས་རྒྱ་ནག་གཞུང་གིས་ཡུ་རོབ་ཀྱི་རྒྱལ་ཁབ་བྱེ་བྲག་པ་ཧོ་ལན་ཌྀ་དང་ཧྤ་རན་སི་སོགས་ཀྱི་དཔོན་རིགས་དང་ཁྲིམས་ཞིབ་པ་བཅས་ལ། ྋགོང་ས་མཆོག་རྒྱ་བོད་ཁ་བྲལ་གཏོང་མཁན་ཡིན་པས་ཐུག་འཕྲད་བྱེད་མི་ཆོག་ཅེས་ཉེན་བརྡ་བཏང་ཡོད་པས། ཡུ་རོབ་མཉམ་འབྲེལ་ཟླ་སྒྲིལ་མ་བྱས་ན། ཡུ་རོབ་ཀྱི་རྒྱལ་ཁབ་བྱེ་བྲག་པ་རྣམས་རྒྱ་ནག་གིས་གནོན་ཤུགས་སྤྲོད་ཡུལ་ཆགས་མི་སྲིད་པ་ཞིག་ཀྱང་མ་རེད་ཅེས་དང། ཡུ་རོབ་རྒྱལ་ཁབ་ཚོས་ྋགོང་ས་མཆོག་གདན་འདྲེན་སྐབས་རྒྱ་ནག་གིས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་དང། བོད་དོན་དེ་རྒྱ་ནག་གི་ནང་སྲིད་ཡིན་པས་ཐེ་གཏོགས་བྱེད་མི་ཆོག་ཅེས་བརྗོད་པ་བཞིན། ཡུ་རོབ་རྒྱལ་ཁབ་ཚོས་ྋགོང་ས་མཆོག་གདན་འདྲེན་ཞུས་པ་དེ་རྒྱལ་ཁབ་རང་གི་ནང་སྲིད་ཡིན་པས། རྒྱ་ནག་ངོས་ནས་དེ་ལ་དགག་པ་རྒྱག་པའི་ཐོབ་ཐང་མེད་པ་རེད་ཅེས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་འགྲེལ་བརྗོད་བྱས་ཡོད་པ་རེད།།