པཎ་ཆེན་རིན་པོ་ཆེ་གློད་གྲོལ་ཆེད་ཟས་བཅད་ངོ་རྒོལ།
ྋགོང་ས་མཆོག་གིས་ྋཔཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་དགུང་ལོ་༦ ལ་ཕེབས་སྐབས། ྋཔཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་གནང་བའི་རྗེས། ཕྱི་ལོ་༡༩༩༥ ཟླ་༥ པའི་ཚེས་༡༧ ཉིན་རྒྱ་ནག་དམར་གཞུང་ནས་ྋཔཎ་ཆེན་རིན་པོ་ཆེ་ཡབ་ཡུམ་སྐུ་འཁོར་དང་བཅས་པ་བཙན་ཁྲིད་བཀག་ཉར་བྱས་ནས་སྨྲ་བརྗོད་རང་དབང་སོགས་མེད་པ་དང། དེ་བཞིན་རྒྱ་ནག་དམར་གཞུང་ནས་རྒྱལ་སྤྱིའི་བཅའ་ཁྲིམས་ལ་རྩིས་མེད་བཏང་སྟེ་འགྲོ་བ་མིའི་ཐོབ་ཐང་བཙན་འཕྲོག་བྱས་ཡོད་པ་དང༌། རྒྱ་ནག་གཞུང་ནས་རྒྱལ་སྤྱིའི་བཅའ་ཁྲིམས་འབྲུ་དོན་ལྟར་ཁས་ལེན་བྱས་ཏེ་མིང་རྟགས་བཀོད་ཡོད་ཀྱང༌། ལག་ལེན་ཐོག་རྩིས་མེད་རྡོག་རོལ་བཏང་ཡོད་པ་རེད། དེ་རིང་གི་ཉིན་མོར་བོད་མི་ཚོས་རྒྱ་ནག་གཞུང་ལ་རྒྱལ་སྤྱིས་གཏན་ལ་ཕབ་པའི་ཁྲིམས་ཡིག་ལ་བརྩི་བཀུར་ཐོག་ཉེས་མེད་བོད་ཀྱི་སྲིད་དོན་བཙོན་པ་རྣམས་དང་ལྷག་པར་དུ་ྋཔཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་དང་ཡབ་གཞིས་སྐུ་འཁོར་དང་བཅས་པ་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་འཕྲལ་དུ་གློད་བཀྲོལ་དགོས་པའི་སྐུལ་མ་དང༌། དྲང་བདེན་ལ་དགའ་བའི་རྒྱལ་ཁབ་ཚང་མས་རྒྱ་ནག་གཞུང་ལ་གནོན་ཤུགས་གང་ཐུབ་སྤྲད་ཏེ་བོད་དོན་བདེན་མཐའ་གསལ་ཐུབ་པའི་འབོད་སྐུལ་ཞུ་ཡི་ཡོད་ཅེས་འགྲེལ་བརྗོད་གནང་སོང༌།།
མོན་གྷོ་གསར་འགོད་པས།