ཀ་བཤད་མོ་སྨོད་ཚར་གཅོད།

 

ཅ་ཅོའི་མོ་སྨོད་ཚིག་ཚོགས་སྒྲོག་ལ་དགའ། །

ཆ་འཇོག་ཡིད་བརྟན་བྲལ་བའི་རྒོད་གཏམ་མང༌། །

ཇ་རོ་ལས་ཀྱང་ལོད་པའི་མདོ་མེད་ཁྱོད། །

ཉ་མོ་ཆུ་ཡིས་སྐྱོང་འདྲའི་སྐྱེད་མར་སྨོད། །

 

ཏ་རེ་དཔལ་མོའི་རྣམ་སྤྲུལ་མིན་ན་ཡང༌། །

ཐ་ཤལ་ཁྱོད་འདྲ་ཟླ་དགུ་ཁོག་ཏུ་རུམ། །

ད་དུང་སྡུག་རྒུས་སྙིང་ཁམས་གཟེར་གྱུར་ཡང༌། །

ན་ཚ་རིང་དོར་བུ་རྒྱུད་བྱམས་ཀྱིས་སྐྱོང༌། །

 

པ་ཕའི་གྲིབ་གཟུགས་ཙམ་གྱི་སྣང་བ་ལས། །

ཕ་ཡིས་བསྐྱུར་བའི་དྭ་ཕྲུག་མང་ལ་བལྟོས། །

བ་གླང་སེམས་ལྡན་མི་ཡི་ཤ་ཚུགས་ཅན། །

མ་ལོའི་བཀའ་དྲིན་མི་དྲན་སྐལ་དམན་ཁྱོད། །

 

ཙ་ར་གཙོད་པའི་འདུ་ཤེས་བྲལ་བའི་ཕྱིར། །

ཚ་གྲང་འགལ་ཟླ་མང་བའི་ཁྱོད་ཀྱི་གཏམ། །

ཛ་དྲག་ཉེར་གཅིག་དུས་ཀྱི་སྤྱི་ཚོགས་འདིར། །

ཝ་མོའི་ངང་ཚུལ་ཁྱོད་འདྲ་སྙིང་བརྗེའི་ཡུལ། །

 

ཞྭ་གོས་སྤྱང་ཀིའི་ཕྱི་ལྤགས་མཛེས་ན་ཡང༌། །

ཟ་མ་མོ་ལ་སྨོད་པའི་ཅོལ་ཅུང་བ། །

འ་ཅག་བློ་ལྡན་ཀུན་གྱི་དུག་རྩ་དེ། །

ཡ་རབས་སྨྲ་ལྕེ་གཞན་གྱིས་བརྐུས་དང་མཚུངས། །

 

ཧ་ཧ་མ་དགོད་བྱིས་པའི་ངང་ཚུལ་ཅན། །

ཧ་ཅང་རྟོགས་དཀའི་ཤེས་རབ་མཛངས་ལྡན་ཏེ། །

ཨ་མའི་དཀའ་དྲིན་ཡིད་ལ་བསམ་ཤེས་དང༌། །

ཨ་ཉོག་ལོག་ལྟ་ལྡོག་གཤེར་བྱས་ན་ལེགས། །

 

 

 

 

དུས་རྒྱུན་བུད་མེད་ལ་སྨོད་པར་དགའ་བའི་མྱི་སྡང་

ཁུར་མེད་འཁྱམ་པོ་ཞིག་དང་འཕྲད་པས་

ཕྱི་ལོ་༢༠༠༦། ༠༨། ༠༦ ཉིན།