བོད་ནང་གི་བུད་མེད་ཚོས་རང་ས་སྲུང་སྐྱོབ་ཆེད་རྒྱ་རྒོལ།

ང་ཚོའི་ས་ཆར་ང་ཚོ་སྡོད་དགོས་པའི་དགོས་འདུན་བཏོན་ཡོད་འདུག་ཀྱང་གྲུབ་འབྲས་ཐོན་མི་འདུག དེ་རྗེས་བསྐྱར་དུ་མི་མང་འབོར་ཆེན་སྲིད་གཞུང་གི་སྒོར་འབྲོག་པ་གནས་སྤོ་བྱེད་རྒྱུར་ངོས་ལེན་མེད་པའི་ངོ་རྒོལ་བྱེད་དུ་སླེབས་སྐབས། ཉེན་རྟོག་པས་འབར་རྫས་གཡུགས་ནས་མི་མང་དྲུག་ཙམ་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་དང། དེ་ཚོ་ཚང་མ་བུད་མེད་ཡིན་འདུག རྨོ་རྨོ་ལོ་༧༠ ཟིན་པ་གུ་རུ་སྒྲོལ་དཀར་དང། སྒྲོལ་མ་དང། གཞན་ཚེ་རིང་ལྷ་མོ། རིག་འཛིན་ལྷ་མོ། སྐལ་བཟང། མཁའ་སྐྱིད་བཅས་ལ་རྨས་སྐྱོན་ཕོག་ཡོད་མེད་ལ་མ་ལྟོས་པར་ཉེན་རྟོག་པས་བཙན་ཁྲིད་བྱས་ཡོད་འདུག
    ཨ་མདོ་བླ་བྲང་དུ་རི་བརྐོས་ནས་བསང་ཆུ་ཁ་བསྒྱུར་བྱེད་ཀྱི་ཡོད་པ་དེར་གྲོང་པའི་བུད་མེད་ཚོས་ངོ་རྒོལ་བྱས་པར་བརྟེན། བུད་མེད་མང་པོར་རྨས་སྐྱོན་ཚབས་ཆེན་ཕོག་སྟཻ། ཀ་ཆུའི་སྨན་ཁང་ཞིག་ཏུ་བསྐྱལ་ཡོད་འདུག
    གཞུང་གི་ལས་བྱེད་པས་བསང་ཆུ་ཁ་བསྒྱུར་བྱེད་མ་བཅུག་ན་མི་འཇུ་བཟུང་བྱེད་ཀྱི་ཡིན་སྐོར་བརྗོད་དེ་འཇིགས་སྐུལ་བྱས་པ་དང། ཉིན་བཞི་ལྔ་ཙམ་གྱི་སྔོན་ལ་ལས་ཀ་བྱེད་མཁན་དངོས་སུ་སླེབས་པ་ལ་བུད་མེད་ཚོས་ངོ་རྒོལ་བྱེད་སྐབས། གཞུང་གིས་དམག་ཆས་གྱོན་མེད་པའི་ཕོ་གསར་མང་པོ་ཁྲིད་དེ་རྡུང་རྡེག་ཚབས་ཆེན་བཏང་བར་བརྟེན། བུད་མེད་དགུ་ཙམ་དམག་གི་སྨན་ཁང་དུ་བསྐྱལ་ཡོད་པའི་ནང་རྐང་ལག་བཅག་ཡོད་མཁན་དང། མགོ་ལ་རྨས་སྐྱོན་ཕོག་ཡོད་མཁན། ནང་ཁྲོལ་ལ་རྨས་སྐྱོན་ཕོག་ཡོད་མཁན་སོགས་ཡོད་འདུག ལྷ་མོ་དང། མཁར་མོ་རྒྱལ་གཉིས་ལ་རྨས་སྐྱོན་ཆེ་ཤོས་ཕོག་ཡོད་པ་དང། སྐབས་དེར་སྐྱེས་པ་ཁག་ཅིག་རྨས་མ་ཚོར་ལྟ་སྐྱོང་བྱེད་དུ་འགྲོ་སྐབས། དམག་མིས་རྡུང་རྡེག་བཏང་སྟེ་ཁོང་ཚོ་ཡང་སྨན་ཁང་དུ་བསྐྱལ་ཡོད་འདུག རྨས་མ་ཚང་མའི་མིང་སོགས་ཤེས་རྟོགས་ཐུབ་མེད་པ་རེད།།