ཕྱིར་རང་ཡུལ་དུ་ལོག་པའི་ལས་འགུལ་ཐེངས་གཉིས་པ་བཀག་འགོག

རྒྱ་གཞུང་གིས་གསོད་གཏུབ་འཛིན་བཟུང་གང་ཞིག་བྱས་ཀྱང་རང་སྲོག་བློས་གཏོང་གི་དམ་བཅའ་ཡོད་པ་བཞིན། ད་ལོ་སླར་ཡང་གདན་ས་སེ་འབྲས་དགའ་གསུམ་གྱི་དྭངས་བླང་དགེ་འདུན་པ་བཅུ་ཡིས་གསང་བའི་ངང་ནས། ཟླ་འདིའི་ཚེས་བཅུ་ནས་བཟུང་རང་རང་སོ་སོའི་དགོན་པ་ནས་ཐོན་ཞིང༌། ཚེས་༡༤ ཉིན་ཀུ་ལུ་མ་ན་ལི་ཕྱོགས་སུ་བསྐྱོད་པ་དང༌། ཚེས་༡༦ ཉིན་གངས་འབབ་ཀྱི་ཡོད་ཀྱང་གོམ་བགྲོད་བྱེད་འགོ་བཙུགས་པ་དང༌། གོམ་འགྲོད་མང་ཆེ་བ་མཚན་ལ་བྱས་པ་དང༌། དོགས་ཟོན་གྱིས་གློག་ཞུ་མ་སྤར་བར་ཕྱིན་པས། མིག་གིས་མ་མཐོང་བ་སོགས་ཀྱི་དཀའ་ངལ་འཕྲད་པ་མ་ཟད།  གངས་ཆེ་དྲགས་པ་དང་ལམ་སྡུག་དྲགས་པའི་རྐྱེན་གྱིས་ཚང་མས་ཐག་པ་གཅིག་གི་རྒྱུད་ལ་ལག་པ་འཇུས་ནས་རིམ་བཞིན་སོང་བ་དང༌། ས་མཚམས་སུ་འབར་རྫས་སྦས་སྐུང་བྱས་ཡོད་པ་དེ་འདྲ་རྐང་པའི་འོག་ཏུ་རྡོག་རྫི་ཐེབས་པའི་ཉེན་ཁ་ཡང་བྱུང་ཡོད་འདུག
    ཚེས་༢༡ ཉིན་རྒྱ་གར་དང་བོད་ཀྱི་ས་མཚམས་སུམ་དྷོ་ཟེར་ས་དེར་སླེབས་དུས་གློ་བུར་དུ་རྒྱ་གར་གྱི་དམག་མི་དང་ཉེན་རྟོག་པ་ཡོང་ནས་འཇུས་པ་མ་ཟད། ཉེས་རྡུང་བཏང་ནས་གྲྭ་པ་གཅིག་སྨན་ཁང་དུ་འགྲོ་དགོས་པ་ཆགས་ཡོད་འདུག ཀ་རྫ་ཞེས་པའི་ས་ཆར་ཁྲིད་ནས་ཉེན་རྟོག་ཁང་དུ་ཉིན་གསུམ་རིང་བཀག་ཉར་བྱས་ནས་ཕྱིར་རང་འཇགས་ལོག་དགོས་པ་ལས། ས་མཚམས་སུ་འགྲོ་མི་ཆོག་ཅེས་བཀའ་བཏང་ནས་ཕྱིར་བསྐྲད་པ་ཞིག་ཡིན་པ་རེད། སྤྱིར་བོད་ཀྱི་ས་ཐོག་ཏུ་མ་སླེབས་བར་དུ་གསར་འགྱུར་བརྒྱུད་བསྒྲགས་བྱེད་འདོད་མེད་ཀྱང༌། ས་ཆ་རྒྱུས་མེད་པས་ས་མཚམས་སུ་འབྱོར་ཡོད་མེད་ཀྱི་གསལ་ཆ་མ་བྱུང་བ་དང༌། གློ་བུར་དུ་རྒྱ་དམག་གིས་འཇུས་པ་ཡིན་ན་གསང་བ་བྱས་ནས་འབྱོར་མ་སོང་ཞེས་ལབ་སྲིད་པ་དང༌། རྒྱ་གར་གྱི་ངོས་ནས་མཐོང་མེད་པས་འདི་ནས་སོང་ཡོད་པ་མ་རེད་ཅེས་ལས་འགུལ་དེ་ནུས་མེད་ཅིག་ཏུ་འགྱུར་འགྲོ་བའི་ཉེན་ཁ་ལ་བལྟས་ནས་མི་གཉིས་སྔོན་དུ་ཕྱིར་ལོག་གིས་གསར་འགྱུར་བརྒྱུད་ལམ་དུ་ཁྱབ་བསྒྲགས་བྱས་པ་ཞིག་ཡིན་པ་རེད།
    མ་གཞི་གོམ་བགྲོད་པ་ཚང་མར་དམིགས་ཡུལ་ལེགས་འགྲུབ་མ་བྱུང་བས་བློ་ཕམ་ཆེན་པོ་བྱུང་ཡོད་ཀྱང༌། ད་དུང་སྙིང་སྟོབས་ཞུམ་པ་མེད་པར། ནམ་ཞིག་བོད་ཀྱི་ས་ཐོག་ཏུ་བོད་ཀྱི་རྒྱལ་དར་བསྒྲེངས་ཐུབ་པ་ཞིག་བྱེད་ངེས་པའི་དམ་བཅའ་ཡོད་པ་དང༌། ལྷག་པར་དུ་རྒྱ་ནག་གཞུང་ལ་བརྡ་ལན་ཞིག་སྤྲད་ཡོད་པ་ནི། ྋགོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ་དང༌། པཎ་ཆེན་རིན་པོ་ཆེ་སོགས་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་དགོས་པ། ད་ལྟའི་ལས་འགུལ་ཐེངས་གཉིས་དེ་ལམ་ལྷོངས་མ་བྱུང་ཡང༌། ཉིན་ཞིག་རང་གི་ས་ཆ་ལ་ཏན་ཏན་སླེབས་ཐུབ་པ་བྱེད་རྒྱུ་ཡིན་པ་དང། སོ་སོའི་ལུང་པ་ལ་སོ་སོས་རྒྱལ་དར་འཛུགས་རྒྱུའི་དམིགས་ཡུལ་འཆང་ཡོད་པ་རེད།།