སྔ་ལོའི་ཞི་རྒོལ་དུ་ཞུགས་མྱོང་བའི་མི་བཞི་དྷ་སར་འབྱོར་བ།

    དེར་གསར་དུ་འབྱོར་བའི་གྲྭ་ཚེ་རིང་འགྱུར་མེད་ཀྱིས་གནས་ཚུལ་ངོ་སྤྲོད་གནང་དོན། སྤྱིར་ང་རང་ལ་མཚོན་ན་ནམ་རྒྱུན་གཟུགས་གཞི་བདེ་ཐང་མིན་ཞིང༌། གཅོང་ནད་ཀྱིས་མནར་བའི་མི་ཞིག་ཡིན་ཏེ། སེམས་ནང་དུ་རྒྱ་དམར་གྱིས་བོད་དུ་བཙན་འཛུལ་བྱས་པ་མ་ཚད། བླ་སྤྲུལ་དགེ་བཤེས་དང་མི་དྲག་སོགས་བོད་སྤྱི་ལ་ཕན་ཐོགས་ཡོད་པའི་མི་སྣ་རྣམས་ཉེས་མིང་བཏགས་ནས་གསོད་པ་དང༌། བཟུང་བ། བཙོན་དུ་བཅུག་པ་བཅས་བྱེད་ཀྱི་ཡོད་པ་སོགས་ལ་བརྟེན་ནས། སྔ་ལོའི་ཕྱི་ཟླ་༣ ཚེས་༡༨ ཉིན་ཞི་བའི་ཡར་ལངས་ནང་དུ་ཞུགས་པ་ཡིན་ཞེས་དང༌། མགོན་པོ་ལགས་ཀྱིས་གསུང་དོན། ལྷ་ས་དང་ཆབ་མདོ། ཨ་མདོ་སོགས་མདོ་དབུས་ཁམས་སུ་སོ་སོའི་མི་རིགས་ལ་ཕན་པ་སྒྲུབ་ཐུབ་མཁན་གྱི་མི་དྲག་གྲས་རྣམས་ག་ལེར་མེད་པ་བཟོ་ཡི་རེད། དཔེར་ན། ང་ཚོའི་བླ་མ་ཞིག་ལ་ཆ་བཞག་ན། ཁོང་ལ་དངུལ་མང་དྲགས་འདུག དངུལ་དེ་དག་ག་ནས་བྱུང༌། རྒན་གསོ་ཁང་རྒྱག་ཐུབ་པའི་དངུལ་དེ་འདྲ་ག་ནས་བྱུང་ཞེས་བླ་མ་ཞིག་ལ་རྒྱུ་དངུལ་ཡོད་མི་ཆོག་པའི་བཙན་བཀའ་བཏང་བ་དང༌། དགེ་བཤེས་བསོད་ནམས་ཕུན་ཚོགས་ལ་ཆ་བཞག་ན་བཙོན་ཁང་ནང་དུ་དུག་ཤེད་ཡོད་པའི་ཁབ་བརྒྱབ་ནས་ག་ལེར་ག་ལེར་སྐུ་སྲོག་བཀྲོངས་པ་རེད་ཅེས་དང༌། ཚེ་དབང་དོན་གྲུབ་ལགས་ཀྱིས་གསུང་དོན། ང་ཚོས་ངོ་རྒོལ་བྱས་དོན་ག་རེ་ཡིན་ཟེར་ན། སྐྱིད་དྲགས་ནས་འདུག་མ་ཐུབ་པར་ངོ་རྒོལ་བྱས་པ་ཞིག་མིན། འུ་ཐུག་ནས་ངོ་རྒོལ་བྱས་པ་ཞིག་ཡིན།  ང་རང་ཆུ་ཡི་ཡུར་བ་བཟོ་བཞིན་པའི་སྐབས་སུ་བཙུན་མ་དང་གྲྭ་པ་འགའ་ཞིག་གིས་ངོ་རྒོལ་བྱས་པས། རྒྱ་མིས་མེ་མདའ་བརྒྱབ་ནས་གྲྭ་པ་ཞིག་ས་ལ་འགྱེལ་བ་མཐོང་འཕྲལ་སྐྱབས་པར་སོང་ནས། གྲྭ་པ་དཔང་དུ་བཀྱག་ནས་ཡོང་སྐབས། ང་རང་ལའང་མཆན་ཁུང་གཡོན་པའི་རྒྱབ་ཏུ་མེ་མདའ་ཐེབས་ནས་མདེའུ་མདུན་ནས་ཐོན་འདུག ད་དུང་ཡང་བསྐྱར་མེ་མདའ་གཅིག་ལག་པ་གཡོན་པའི་གྲུ་མོ་ལ་ཐེབས་ནས་གྲྭ་པ་ས་ཤོར་སོང༌། དེ་ནས་ང་ཡང་ཁྲག་མང་པོ་ཐོན་པ་ལ་བརྟེན་ནས་དྲན་པ་འཐོར་འདུག སྤྱིར་ང་རང་གིས་མྱོང་བའི་དཀའ་སྡུག་ལ་ཆ་བཞག་ན་ཟླ་བ་གཅིག་བཤད་ཀྱང་ཚར་རྒྱུ་ཞིག་མ་རེད། རྨས་སྐྱོན་ཕོག་པ་མ་ཟད་ལོ་དང་ཟླ་བར་མི་མེད་ལུང་སྟོང་དང་ནགས་གསེབ་སོགས་རི་དྭགས་བཞིན་གབ་བསྡད་པ་ཡིན། མི་ནང་བཞིན་གྱི་འཚོ་བ་སྐྱེལ་བའི་ཐོབ་ཐང་མི་འདུག སྐབས་རེ་རྨ་ཁའི་ན་ཟུག་གིས་རང་ཤི་རྒྱག་དགོས་མིན་འགྲོ་བསམ་པའི་དཀའ་སྡུག་ཀྱང་མྱངས་སོང༌། ད་སྐབས་རྒྱ་གར་དུ་འབྱོར་བ་ཡིན་རུང༌། ངས་གནས་ཚུལ་ཁྱབ་བསྒྲགས་དང་བོད་མི་མང་ལ་རྒྱ་གཞུང་གིས་སྡུག་པོ་གཏོང་བའི་དཔང་རྟགས་སུ་གོ་ཆོད་ཀྱི་ཡོད་ན། ངའི་ལུས་པོའི་རྨ་ཁ་དེ་སྨན་བཅོས་མེད་པར་རང་འཇགས་འཇོག་དགོས་བྱུང་ཡང་འཇོག་གི་ཡིན་ཞེས་དང༌། བློ་བཟང་ཐུབ་བསྟན་ལགས་ཀྱིས་གསུང་དོན། ང་ལ་རེ་བ་ཞིག་ཡོད་པ་ནི་དེ་རིང་གི་གསར་འགོད་པ་རྣམས་ཀྱིས་ང་ཚོ་བོད་མི་རྣམས་རྒྱ་ནག་གིས་གསོད་པ་དང༌། རྡུང་བ། བཙན་ཤེད་བྱེད་པ། བཙོན་དུ་འཇུག་པ་སོགས་ཀྱི་དངོས་ཡོད་གནས་ཚུལ་འཛམ་གླིང་དུ་ཁྱབ་བསྒྲགས་བྱེད་ཐུབ་པ་དགོས་རྒྱུ་ནི་ངའི་སེམས་ནང་གི་རེ་བ་ཆེ་ཤོས་དེ་ཡིན་ཞེས་གསུངས་སོང༌།
    ཁོང་ཚོ་རི་ལ་བྱོལ་བའི་རྗེས་སུ་རྒྱ་གཞུང་གིས་འཛིན་བཟུང་བཀའ་རྒྱ་བཏང་ནས། གར་ཡོད་གསང་བརྡ་སྐྱེལ་མཁན་ལ་རྒྱ་སྒོར་ཁྲི་༡༥ ༢༠ བར་བྱ་དགའ་སྤྲོད་རྒྱུ་ཡིན་ལུགས་གསར་ལམ་དང་བརྙན་འཕྲིན་ཁག་ཏུ་སྤེལ་ཡོད་འདུག
    ཚང་མས་ངོ་སྤྲོད་དང་རེ་བ་སོགས་ཀྱི་སྙིང་དོན་ནི། ཚང་མས་སྡུག་པོ་མྱངས་པ་དེ་བོད་མི་ས་ཡ་དྲུག་གི་བདེ་སྡུག་ཆེད་དུ་ཡིན་པ་ལས། སྒེར་སོ་སོའི་ལྟོ་ཕོར་གྱི་དོན་དག་མིན་པ་དང༌། གསར་འགོད་པ་སུ་རུང་བོད་དུ་ཕྱིན་པ་ཡིན་ཡང༌། རྒྱ་ནག་སྲིད་གཞུང་གིས་གོ་སྒྲིག་ཡོད་སའི་ས་ཆ་དཔེར་ན། རྫོང་དང༌། ཤང་སོགས་ལྟེ་གནས་ཁག་གཅིག་པུ་མིན་པར། བོད་མི་ཞིང་འབྲོག་མང་ཚོགས་ཡོད་སའི་གྲོང་གསེབ་ཁག་ཏུ་ཕྱིན་ནས་བལྟས་ན། མིག་ཆུ་ཤོར་དགོས་པའི་གནས་སྟངས་ཡོད་པས། ངེས་པར་དུ་གྲོང་གསེབ་ཁག་ཏུ་ཕེབས་ནས་བོད་མི་རིགས་ཀྱི་སེམས་ཀྱི་སྡུག་བསྔལ་དངོས་དེ་ཧ་གོ་བ་གནང་རོགས་ཞེས་པ་དེ་ཡིན་པ་རེད། མཇུག་ཏུ་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་གིས་མཚམས་འདྲིའི་ཁ་བཏགས་གཡོགས་སོང༌།།