བོད་ཀྱི་བུད་མེད་སྐལ་བཟང་སྒྲོལ་མ།
དེ་ཡང་སྐལ་བཟང་ལྷ་མོ་ལགས་ནི་ཕྱི་ལོ་1968ལོར་རྒྱ་གར་བོད་མི་ཡུལ་གྱར་སྤྱི་ཚོགས་ཀ་ལོན་སྦུག་གཞིས་ཆགས་སུ་འཁྲུངས་ཤིང༌།ལྷོ་ཕྱོགས་ཨོ་རི་ས་དང་དར་རྒྱས་གླིང་བཅས་སུ་སློབ་གཉེར་བྱས་མྱོང་བ་མ་ཟད།བོད་བཙན་བྱོལ་གཞུང་བལ་ཡུལ་གནས་བསྡད་གཞུང་ལས་ཁང་དུ་དང་ལངས་ཀྱི་ལས་སྒོའང་བཞུགས་མྱོང་ཡོད།ཕྱི་ལོ་1991ལོར་ཧྥ་རན་སི་རྒྱལ་ཁབ་ཏུ་འབྱོར་ཏེ༌།དེང་སང་ཧྥ་རན་སི་རྒྱལ་ཁབ་ཀྱིས་བོད་སྐྱོར་རོགས་ཚོགས་བཀྲིས་བདེ་ལེགས་ཚོགས་པའི་འགན་གཙོའི་ཕྱག་རོགས་ཀྱི་ཐུགས་འགན་བཞེས་ཡོད་པ་རེད།
བོད་མོ་སྐལ་བཟང་སྒྲོལ་མས་གསར་འགོད་པར་གསུངས་གསལ་ལྟར་ན།ཐོག་མར་གནས་ཚུལ་དེ་གོ་དུས་སེམས་འཚབ་ཏོག་ཙམ་བྱུང་ཡང༌།བསམ་གཞིགས་ནན་ཏན་བྱེད་དུས་ད་ཐེངས་ཀྱི་གོ་སྐབས་དེ་དམ་འཛིན་ཡག་པོ་དགོས་པ་དང༌།གལ་ཏེ་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་གྱུར་ན།སྡེངས་ཆ་འདིའི་ཐོག་ནས་འཛམ་བུ་གླིང་གི་མི་རྣམས་དང༌།དམིགས་བསལ་དུ་ཡོ་རོབ་གྲོས་ཚོགས་ཐོག་བོད་མི་མང་གི་དཀའ་སྡུག་གླེང་དགོས་པ་ནི་ཤིན་ཏུ་གལ་འགངས་ཆེ་བའི་གནས་དོན་ཞིག་རེད་ཅེས་དང༌།ལོ་ལྔ་རེའི་མཚམས་ཀྱི་གྲོས་ཚོགས་འདེམས་སྒྲུབ་དེ་ནི་འདི་ལོའི་ཟླ་དྲུག་པའི་ཚེས་4་ནས་ཚེས་7བར་ཡིན་ཞིང༌།ཡོ་རོབ་རྒྱལ་ཁབ་ཁག་27གྱི་འཐུས་མི་ཡོངས་གཅིག་གྱུར་གྱིས་འགོ་འཛུགས་བྱ་རྒྱུ་དང༌།ཁོང་མོ་ཧྥ་རན་སི་རྒྱལ་ཁབ་དང་བོད་དོན་ལྷན་ཚོགས་ནས་རྒྱབ་སྐྱོར་དང་མིང་བཏོན་གནང་བའི་འོག་འོས་མིའི་ཁོངས་སུ་བྱུང་ཡོད་ལུགས།དེ་བཞིན་སོ་སོའི་ངོས་ནས་ཀྱང་ཧྥ་རན་སི་ལྷོ་ཕྱོགས་ལྗང་ཁུ་ཚོགས་པའི་འཐུས་མི་20ཡོད་པའི་ནང་མོ་རང་ད་ཐེངས་ཡོ་རོབ་གྲོས་ཚོགས་སྐབས་བཞི་པར་བཞུགས་ཤིང།གལ་ཏེ་ད་ཐེངས་འཐུས་མིའི་ནང་དུ་འདེམས་ཐོན་མ་བྱུང་ཡང།ལྗང་ཁུ་ཚོགས་པའི་མི་སྣ་གཞན་གྲོས་ཚོགས་འཐུས་མིར་སླེབས་པ་ཡིན་ན༌བོད་དོན་ཐད་སྔར་བཞིན་་རྒྱབ་སྐྱོར་དང་ཐུགས་འཁུར་བཞེས་ངེས་རེད་ཅེས་སོགས་གསུང་འདུག
ཡོ་རོབ་གྲོས་ཚོགས་ནི་རྒྱལ་ཁབ་ཁག་ཉི་ཤུ་རྩ་བདུན་ནང་དུ་འདེམས་ཤོག་འཕེན་མཁན་མི་དམངས་དུང་ཕྱུར་ལྔ་ལ་ཉེ་བར་ཡོད་ཅིང༌། འཐུས་མི་736གདམ་དགོས་པ་རེད་འདུག
འཇིག་བརྟེན་པའི་ཕོ་མོ་སུ་ཡིན་རུང་ཐོག་མར་སོ་སོར་སྤོབས་པ་དང་གདིང་འཇོག་དགོས་པ་ཤིན་ཏུ་ནས་གལ་ཆེ་ཞིང༌།མི་རེ་རེའི་ངོས་ནས་ཀྱང་མི་རྣམས་ལ་ཕན་པའི་བྱ་བཞག་རེ་སྒྲུབ་ཐུབ་པའི་ཆོད་སེམས་དགོས་པ་རེད།གང་ཟག་སུ་ཡིན་རུང་གལ་ཏེ་ཐོག་མ་ཉིད་ནས་ངས་འཇོན་ནས་བྱེད་ཀྱི་ཡིན་བསམ་པའི་ཀུན་སློང་བཟང་པོ་ཞིག་མེད་གྱུར་ན།མ་འོངས་ལས་དོན་ཐོག་བྱ་བ་གང་ཡང་སྒྲུབ་པའི་ནུས་ཤུགས་གསོ་སྐྱོང་བྱ་བར་དཀའ་ངལ་ཆེན་པོ་འཕྲད་ངེས་པར་བརྟེན།ང་ཚོ་བོད་པ་སུ་འདྲ་ཞིག་ཡིན་ཡང༌།ངས་འཇོན་ནས་བྱེད་རྒྱུ་དང༌།ངས་བྱེད་ནས་ཡར་རྒྱས་གཏོང་བའི་གདིང་སྤོབས་གསོ་སྐྱོང་དང་དེར་སྤེལ་གཏོང་དགོས་པ་རེད།
བོད་ཀྱི་བུད་མེད་ཡར་ཐོན་ཅན་སྐལ་བཟང་སྒྲོལ་མས་དེའི་ཐོག་ནས་བདག་ལ་སེམས་གཏིང་གིས་སྤོབས་པ་སྦྱིན་བྱུང་ལ།བོད་ཀྱི་བུད་མེད་ཚོས་ལས་དོན་གང་ཡིན་ཡང་འཇོན་གྱི་རེད་ཨང་བསམ་པའི་བློ་སྤོབས་ཀྱི་བསྐུལ་འདེད་ཀྱང་སྤྲད་བྱུང།
བོད་ཀྱི་བུད་མེད་ཚོ།བུད་མེད་ཀྱིས་འཇོན་པའི་གནས་ཚུལ་གསོན་པོ་འདི་དག་མཐོང་ན།ཁྱེད་ཀྱིས་ཀྱང་མགོ་བོ་ཡར་ལ་སྟེགས་ཤིག
ཁྱེད་ཀྱིས་སྤྲེལ་ཚའི་རིགས་རྒྱུད་གསོ་སྐྱོང་བྱེད་པའི་འཇོན་ནུས་ལྡན་ཡོད་ལ།བོད་པའི་ཁྱིམ་གཞི་རེ་རེར་བདེ་སྐྱིད་ཀྱི་འབྱུང་ཁུངས་སྐྲུན་ཐུབ་པའི་འཇོན་ནུས་ཡོད།ཁྱེད་ཀྱིས་གངས་ཅན་པའི་ཕ་ས་དེ་དངས་གཙང་གི་ཞིང་ཁམས་ཤིག་སྐྲུན་ཐུབ་པའི་འཇོན་ནུས་ལྡན་ཡོད་ལ།བོད་གཞིས་བྱེས་གཉིས་ཀྱི་ཁྱིམ་གཞི་ཆེན་མོ་སྐྱོང་བའི་འཇོན་ནུས་ཀྱང་ལྡན་ཡོད།ཁྱེད་ཀྱིས་བོད་དོན་གྱི་བདེན་མཐའ་གསལ་བར་འབོད་བརྩོན་གྱིས་ཁ་ཕོ་གདམ་དགོས་ལ།ཁྱེད་ཀྱིས་ཅི་ཡང་འཇོན་ལ་གང་ཡང་སྒྲུབ་ཆོག་པས།ངས་སེམས་སྟིང་གི་འབོད་སྒྲུ་ཁྱེད་རྣམ་པའི་སྙེང་དབུས་སུ་འཕྱོ་བའི་སྨོན་འདུན་ཡོད།
བོད་ཀྱི་བུད་མེད་ཚོ། ཁྱོད་རྣམས་མགོ་བོ་དུད་ནས་བག་འཁུམ་དོན་ཅི། ང་ཚོ་གཅིག་སེམས་གཅིག་ལ་སྒྲིལ་ནས་མ་ཡུམ་ཚོའི་བདེ་དོན་ལ་འབད་དགོས། རྙིང་ཞེན་གྱི་གསང་བའི་འཆིང་ཐག་དོར་ཏེ། གཞོན་ནུ་མ་ཚོ་ལེགས་ལམ་དུ་འདྲེན་དགོས་ལ། དར་གཞོན་མ་ཚོར་གང་ཡང་སྒྲུབ་ཐུབ་པའི་གདིང་སྤོབས་དང་མཆོད་སེམས་སྦྱིན་དགོས། དེ་མིན་དོན་ངོ་མའི་རང་དབང་དང་བདེ་དོན་ཞིག་་གྲུབ་ཐབས་མེད་པར་སུ་ཡང་ཤེས་རྟོག་ཡོད་པའི་དོན་གྱི་སྙིང་པོ་དེ་མ་ཡུམ་ཚོས་རྟོག་ཐུབ་པའི་རེ་བ་ཡོད།
དེ་ལྟར་བོད་ཀྱི་བུད་མེད་ཚོས་མགོ་བོ་ཡར་ལ་སྟེགས་དགོས་ལ།
ཁྱེད་ཀྱིས་ཅི་ཡང་འཇོན་ལ་ཅི་ཡང་ནུས་པས་སེམས་ཕོམ་དམའ་མི་དགོས།
མགོ་བོ་ཡར་ལ་སྟེགས་ཤིགབོད་ཀྱི་བུད་མེད་ཚོ།
ང་ཚོས་བོད་ཀྱི་བདེ་དོན་གང་ཡིན་ཡང་སྒྲུབ་དགོས་པ་མ་ཟད། ང་ཚོས་ཀྱང་བོད་ཀྱི་གཙོ་རྐང་འཛིན་དགོས།
ང་ཚོའང་སྐལ་བཟང་ལྷ་མོ་ནང་བཞིན་མ་འོངས་པའི་མདུན་ལམ་དུ་དཔའ་ངར་ཞུམ་མེད་ཀྱིས་སྐྱོད་དགོས་སོ།
