བོད་མི་ནང་ཁུལ། ཉེས་མེད་ཕྱིར་འབུད།
དེང་སྐབས་བཙན་བྱོལ་སྤྱི་ཚོགས་སུ་བོད་ཀྱི་དགུ་བཅུ་གསུམ་ཚོགས་པའི་ཆབ་སྲིད་བཙོན་པས་བོད་དོན་འཁྲབ་སྟོན་པ་རྣམས་ནས་མི་དྲུག་ཙམ་སུད་སི་ནས་རྒྱ་གར་ལ་ཕྱིར་ལོག་མ་བྱས་པའི་གནས་ཚུལ་ཞིག་གླེང་སློང་བྱེད་མུས་ལ།ཁོ་མོ་འགྲོ་ཞོར་ཞིག་ཏུ་དེའི་སྐོར་འབྲེལ་ཡོད་ལ་སྐད་ཆ་དྲིས་པར།གནས་ཚུལ་དེས་སུད་སི་རྒྱལ་ཁབ་དང༌།ལྷག་པར་བོད་བཙན་བྱོལ་གཞུང༌།མཐའ་ན་འབྲེལ་ཡོད་ཚོགས་པ་ལའང་གནོད་སྐྱོན་མེད་ལུགས་ལྟ་བུ་འགྲེལ་བརྗོད་བྱུང་ན།སྤྱི་ཚོགས་ནང་དགའ་མིན་གྱིས་གླེང་སློང་ཐོ་རེ་བ་ཞིག་བྱས་ཀྱང་ཁྱད་པར་ཅང་མི་འདུག་སྙམ་ནས་བཞགའོན་ཀྱང༌།ད་རེས་བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་229པར་དེའི་སྐོར་འཁོད་གསལ་ལྟར་ན།སུད་སི་ལ་བསྡད་པའི་བོད་ཀྱི་རྒྱལ་གཅེས་ཆབ་སྲིད་བཙོན་ཟུར་དེ་དག་སུད་སི་ལ་སྔོན་འབྱོར་བོད་མི་ཡུལ་གྱར་བ་དག་གིས་དུས་བཀག་ཕྱིར་འབུད་གཏོང་བའི་དཔུང་གྲ་སྒྲིག་བཞིན་པ་ཡིན་ཚོད་གསལ་བ་དངོས་བདེན་ཡིན་ན་བྱེད་སྟངས་དེ་འདྲ་ནི་ཨ་ཙ་མ་སྙིང་རེ་རྗེ་བསམ་ཞིང་ཡ་མཚན་པ་ཞིག་བྱུང༌།
ལས་དབང་གིས་འགོག་ཐབས་དཀའ་བའི་བོད་མི་རྣམས་ཐབས་ཤེས་སྣ་ཚོགས་ཀྱིས་རང་དབང་ཆེ་བའི་རྒྱལ་ཁབ་ཁག་ཏུ་འགྲོ་ཐབས་བྱེད་ཀྱི་ཡོད་པ་དངོས་མཐོང་ལྟར།སུད་སི་ལ་སྔོན་འབྱོར་བོད་མི་དེ་དག་ཀྱང་སུད་སི་རྒྱལ་ཁབ་ཀྱིས་ཕེབས་བསུ་ཞུས་ཏེ་སྡོད་བཅུག་པའི་མི་གྲངས་ཧ་ཅང་གིས་དཀོན་ལ།དེས་ན་ཚང་མས་ཐབས་ཤེས་ཡོད་རྒུ་བཏོན་ནས་རྒྱལ་ཁབ་ཁག་ཏུ་འབྱོར་སོང་མཁན་ཤ་སྟག་ཅིག་ཡིན་པ་རང་རང་གི་ལོ་རྒྱུས་ལ་ཕྱི་མདང་རེ་བྱོས་དང་སུད་སིར་སྔོན་འབྱོར་བོད་མི་ཚོར་ཉམས་མྱོང་ཡོད་པས་ཤེས་ཚོད་རེད། དེ་འདྲ་ལ་ཉེས་པ་ཞིག་བརྩི་གིན་ཡོད་ན་ཁྱོད་ཚོ་ཚང་མ་ཉེས་ཅན་པ་ཞིག་ཆགས་ཟིན་པས་ཚུར་ལོག་ནའང་ཉེས་པའི་དག་སེལ་བྱེད་ཐུབ་པའི་གནས་ལུགས་སུས་བརྗོད་ཐུབ་བམ།
ད་ཐེངས་བོད་མི་དྲུག་པོ་དེ་དག་བོད་དུ་སྡོད་རིང་ལ་མཚོན་ན།བོད་པའི་རྩ་དོན་དང་རང་དབང་ཆེད་རང་སྲོག་གཏང་དགོས་གྱུར་ཡང་གཏོང་ཐུབ་པའི་ཆོད་སེམས་ཀྱི་ལྷག་བསམ་རི་བོའི་ལྟོས་ལས་མཐོ་བར་གྱུར་ཏེ།ཚད་ལས་བརྒལ་བའི་རྒྱ་གཞུང་གི་མནར་གཅོད་དང་སྦྲེལ་ནས་ལོ་གྲངས་བཙོན་ཁྲིམས་མྱངས་མྱོང་ཡོད་མཁན་ཤ་སྟག་ཅིག་ཡིན་སོང་ངེས་ལ།རང་ཡུལ་ཡིན་ཡང་རྒྱ་གཞུང་གི་རྡུང་རྡེག་འོག་སྡོད་གཟོད་བྲལ་ཏེ་རེ་བ་དང་ཡིད་ཆེས་དཔག་མེད་ཀྱིས་བཙན་བྱོལ་ལ་གྱར་དགོས་ཤར་བ་སོགས་རྒྱུད་རིམ་ལ་ཕྱི་མིག་རེ་བལྟས་ན།ཨ་ཕ་བསད་པའི་དགྲ་བོ་འདྲ་ཡིན་ནའང་ཤ་ཚ་དང་མིག་ཅུ་བཞུད་དགོས་པའི་གནས་ལུགས་སྐྱུར་མོའི་སྲད་བུ་རིང་མོ་ཞིག་ལོས་ཡོད།འོན་ཀྱང་།ད་ཐེངས་སུད་སི་ལ་སྔོན་འབྱོར་བོད་མི་ཚོས་དེ་ལས་ལྡོག་ཏེ་ཕྱིས་འབྱོར་བོད་མི་དྲུག་པོ་ཕྱིར་འབུད་གཏོང་བའི་དཔུང་གྲ་འགྲིགས་པའི་དཔའ་གཏམ་ཆེ་ལུགས་ལ་བལྟས་ན།གནས་ལུགས་རྒྱབ་ལྗོངས་ཅི་ཞིག་ཡོད་མེད་སུས་བཤད་ཐུབ་བམ་སྙམ།
ལེགས་པར་བསམ་ན། སུད་སི་ལ་ཡོད་པའི་བོད་མི་ཚོས་བོད་ཀྱི་ཆོས་དང་རིག་གཞུང༌། ཆབ་སྲིད་དང་དཔལ་འབྱོར། ཤེས་ཡོན་དང་སློབ་གསོ་སོགས་གང་ཅིའི་ཐད་བོད་ཀྱི་རྩ་དོན་ཐད་འབུར་ཐོན་གྱི་བྱས་རྗེས་ཤིག་བཞག་པའི་རྣ་བ་ལས་རིང་དུ་ལྡོག་ལ། ད་རེས་སུད་སི་ལ་ཕྱིས་འབྱོར་རྒྱལ་གཅེས་ཆབ་སྲིད་བཙོན་ཟུར་དྲུག་པོར་ལུག་ཐོག་སྤྱང་འཚུབ་ལྟར་བྱེད་ཀྱི་ཡོད་ཚོད་འདུག་ན། ཆབ་སྲིད་བཙོན་ཟུར་དྲུག་པོ་བོད་དུ་སྡོད་རིང་རྒྱ་གཞུང་གི་བརྙས་གཙེར་བསམ་བརྗོད་དཀའ་བ་ཞིག་མྱངས་དགོས་གྱུར་ཅིང༌། ད་རེས་སུད་སི་ལའང་སྔོན་འབྱོར་བོད་མི་ཚོས་དཀའ་བ་ཞིག་མྱངས་དགོས་བཟོས་ཤིང།ད་རེས་སུད་སི་ལའང་སྔོན་འབྱོར་བོད་མི་ཚོས་བརྙས་གཙེར་ཐེངས་གཉིས་པ་དེ་བྱེད་ཀྱི་ཡོད་ཚོད་ཀྱི་སྤྱི་བསྒྲགས་བྱུང་ན།སུད་སི་ལ་སྔོན་འབྱོར་བོད་མི་དེ་དག་རང་རིགས་ཀྱི་ལ་རྒྱ་དང་ཤ་ཞེན་བོར་ཞིང༌།རང་རིགས་ཀྱི་སྲིད་བཙོན་ཟུར་པ་དེ་དག་ལ་ནང་དམེ་དང་རྒོལ་རྡུང་བྱེད་པ་ནི་ཐ་ཤལ་བ་ཞེ་གཅིག་ཡིན་པར་ཤེས་ཚོར་བྱུང༌།དོན་དངོས་སུད་སི་ལ་སྔོན་འབྱོར་བོད་མི་ཚོས་བོད་དོན་ཐོག་བྱས་རྗེས་འབུར་ཐོན་བཞག་པ་གང་ཡང་ཡོད་ཚོད་དབེན་ནའང༌།ད་ཐེངས་རྒྱ་གཞུང་ལ་དགའ་འོས་པའི་བོད་ཀྱི་རྒྱལ་གཅེས་ཆབ་སྲིད་བཙོན་ཟུར་ཚོར་ཉེས་མེད་རྒོལ་རྡུང་གིས་མཆོད་འབུལ་ཐོག་བྱས་རྗེས་རླབས་ཆེན་བཞག་རྒྱུ་ཡིན་ཚོད་འདུག་ན།ཁྱོད་རང་ཚོ་ཡང་བྱས་རྗེས་རླབས་ཆེན་དེ་འདྲ་ཞིག་བཞག་ཡོད་སྙམ་པའི་གདེང་སྤོབས་ཀྱི་ཚོར་འདུའང་སླེབས་ཀྱི་ཡོད་ཚོད་རེད་འདུག
མ་གཞི་བསམ་མེད་འགའ་ཤས་ནས་།ཡུལ་གྱར་ལ་ལྷགས་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམས་ངེས་པར་དུ་རྷ་རམ་ས་ལའི་རི་ཁུག་འདི་ན་འཚང་དགོས་ངེས་ཀྱི་བསམ་བློ་ཞིག་ཡོད་ངེས་རེད།དེ་ནི་གང་ཟག་སྒེར་སོ་སོའི་མིའི་རྒྱུ་སྤུས་ལ་རག་ལས་ཀྱི་ཡོད་པ་ལས་ས་གནས་ཀྱི་ཁྱད་པར་ཆེར་མེད་པ་ཞིག་རེད།དཔེར་ན་།གང་ཟག་རང་ཉིད་ལ་རྒྱུ་སྤུས་མེད་ན་གངས་ཅན་སྐྱིད་གཤོངས་ཀྱི་ར་བའི་ནང་དུ་མི་ཚེ་བསྐྱལ་ཡང་མི་ཕན་ལ། སྐུ་སྒེར་ཡིག་ཚང་དུ་བསྡད་ཀྱང་རྫུན་གྱིས་གཡོ་སྒྱུར་བྱང་བའི་བྱུང་རིམ་ཡོད་པ་རེད། དེ་བཞིན་རྒྱང་རིང་སུད་སི་ལ་སྡོད་མཁན་ཞིག་ཡིན་ནའང་མི་ཕན་ཏེ།ད་ཐེངས་ཉེས་མེད་བོད་ཀྱི་རྒྱལ་གཅེས་བོད་མི་དྲུག་པོ་ཕྱིར་འབུད་གཏོང་ཡོང་བའི་གནས་ལུགས་ཐོན་སོང་བ་སོགས་ཀྱི་རྒྱུད་རིམ་ལ་བལྟས་ན།གང་ཟག་སྒེར་གྱི་རྒྱུ་སྤུས་ལས་ས་ཐག་ཉེ་རིང་གང་དུ་བསྡད་ཀྱང་ཁྱད་པར་མེད་པའི་གནས་ལུགས་དངོས་སུ་ར་འཕྲོད་ཐུབ་པ་ཡིན།
གལ་ཏེ་འབྲེལ་ཡོད་སུད་སི་རྒྱལ་ཁབ་ནས་དེའི་སྐོར་བྱ་བ་གང་ཡང་མ་སྤེལ་བར་།སྔོན་འབྱོར་བོད་མི་ཚོས་བར་ཟིང་གིས་བྱ་བ་དེ་དག་བརྩམས་ཡོད་ན་ནི། མགོ་ལས་རྨ་ཆེ་བའི་དཔེ་ལྟར་ཟད་རྒྱུས་ཕུང་པའི་ལས་ཀ་ཞིག་མ་ཡིན་ནམ།
མདོར་ན།རྒྱལ་ཁབ་དང་ཚོགས་པ་སུ་ལའང་མི་གནོད་ན།ཉེས་མེད་བོད་ཀྱི་རྒྱལ་གཅེས་ཆབ་སྲིད་བཙོན་ཟུར་དྲུག་པོ་སུད་སི་སོགས་གང་དུ་འགྲོ་འདོད་ལ་སླེབས་ཐུབ་ན་དགའ་བསུ་དཔག་མེད་ཡོད་ལ།དེ་ནི་ཟློག་ཐབས་དཀའ་བའི་བོད་པ་སྤྱི་མཚུངས་ལ་ཕོག་པའི་ལས་དབང་གི་འཕྲང་ལམ་རིང་མོ་ཞིག་ཡིན་པས་རེད།ད་ཐེངས་ཀྱི་འཕྲིན་ཐུང་འདི་ཡང་བོད་མི་ཡོད་དོ་ཅོག་གིས་དོན་དམ་པའི་གནད་ལ་བསམ་གཞིགས་རེ་ཡོང་བ་དང༌།མ་འོངས་པར་བོད་མིའི་དོན་ལ་ཕན་མེད་ཀྱི་བྱ་བ་མི་བརྩམ་རྒྱུ་གཟབ་ནན་དགོས་པའི་འབོད་བསྐུལ་དང་བཅས།
ཆབ་སྲིད་བཙོན་ཟུར་གངས་ལྷ་མོ་ནས།
ཕྱི་ལོ་2009ཟླ་5ཚེས་28ཉིན་སྤེལ།