ཨ་རིའི་སྲིད་འཛིན་གྱི་མངོན་འདོད་དང་ཁ་ཆེའི་རྒྱལ་ཁབ།

    དེ་ཡང་ཟླ་འདིའི་ཚེས་༣ ཉིན་ཨ་རིའི་སྲིད་འཛིན་མཆོག་ཁ་ཆེའི་རྒྱལ་ཁབ་ཨ་རབ་ལ་ཕེབས་ནས། ཨ་རབ་རྒྱལ་པོ་ཨ་བི་རྡུས་ལྷ་དང་མཇལ་འཕྲད་གནང་ཡོད་པ་དང༌། ཚེས་༤ ཉིན་ཨེ་ཇེབ་སྲིད་འཛིན་ཧོའ་སི་ནིའ་མུས་བྷར་དང་མཇལ་འཕྲད་གནང། ཚེས་༥ ཉིན་འཇར་མིན་གྱི་བློན་ཆེན་ཨིན་ཇི་མཆོག་དང་མཇལ་འཕྲད་གནང་རྒྱུ་དང། ཚེས་༦ ཉིན་ཕྷ་རན་སིའི་སྲིད་འཛིན་སཱར་ཁོ་རྫིས་མཆོག་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་རེད།
    སྐུ་ཞབས་ཨོ་བྷས་ཨེ་ཇེབ་ཀྱི་སྲིད་འཛིན་སོགས་ཆེས་མཐོའི་དཔོན་རིགས་ཚོ་དང་མཇལ་འཕྲད་གནང་ནས། ཡུལ་དེའི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་གསུང་བཤད་གནང་སྐབས། དཀྱིལ་ཤར་ཡུལ་གྲུ་ཁག་གི་ཁ་ཆེའི་རྒྱལ་ཁབ་ཚོ་གཙོ་བོར་གྱུར་པའི་འཛམ་གླིང་ནང་ཁ་ཆེའི་མི་མང་ཐེར་འབུམ་༡ ལྷག་ཙམ་ཡོད་པ་རེད། ཨ་རི་རྒྱལ་ཁབ་དང་ཁ་ཆེའི་རྒྱལ་ཁབ་ཁག་གི་དབར་དུས་ཡུན་རིང་པོའི་ནང་ཕན་ཚུན་གཅིག་གིས་གཅིག་ལ་ཡིད་ཆེས་བྱེད་མི་ཐུབ་པའི་གནས་ཚུལ་འོག་ཏུ་བསྡད་ཡོད་པས། ང་དེ་རིང་འདིར་ཡོང་དོན་ནི་ཕྱོགས་གཉིས་ཀྱི་མཐུན་མོང་གི་བསམ་འདོད་ལ་གུས་བརྩི་ལྡན་པའི་འབྲེལ་ལམ་གསར་འཛུགས་བྱེད་རྒྱུ་དེ་ཡིན་ཞིང༌། གང་ཟག་རང་ཉིད་ཀྱིས་མི་འདོད་པ་དེ་མི་གཞན་གྱིས་ཀྱང་དེ་ལྟར་མི་འདོད་པ་ང་ཚོ་འགྲོ་བ་མི་ཡིན་པའི་ཆ་ནས་བསམ་བློ་གཏོང་ཐུབ་པ་དགོས་ལ། ཕྱོགས་སུ་ལྷུང་བའི་དྲག་སྤྱོད་དང་དོགས་པ་རྣམ་རྟོག་གི་དཀྱིལ་འཁོར་ནས་ང་ཚོ་ཕྱིར་ཐོན་མ་ཐུབ་ན། ང་ཚོས་གཏོང་བཞིན་པའི་རྨི་ལམ་ནང་གི་གོ་སྐབས་བཟང་པོ་དེ་མངོན་འགྱུར་ཐུབ་ཐབས་བྲལ་བ་ཞིག་རེད་ཅེས་དང༌།
    དེ་བཞིན་ཨི་སི་རཱལ་རྒྱལ་ཁབ་ངོས་ནས་པཱ་ལ་སི་ཐན་གྱི་ས་ཁུལ་ཁག་ཏུ་གཞིས་ཆགས་ཡོད་པ་རྣམས་ཁྲིམས་མཐུན་བྱས་ནས་སྡོད་ཐབས་བྱེད་དགོས་པ་ལས། གཅིག་གིས་གཅིག་ལ་བཙན་འཛུལ་གྱི་རྣམ་པར་སྡོ་མི་ཆོག་པའི་སྐོར་དང། ཨི་རན་གཞུང་གི་ངོས་ནས་ཀྱང་རྡུལ་ཕྲན་བཟོ་སྐྲུན་གྱི་གནད་དོན་ཐད་ཞི་བའི་ཐོག་ནས་ཞི་མོལ་བྱེད་དགོས་ཞེས་གསུངས་ཡོད་པ་རེད།
    ཨ་རིའི་སྲིད་འཛིན་མཆོག་གིས་དྲག་སྤྱོད་བྱེད་མི་ཆོག་པའི་བཀའ་སློབ་མང་པོ་གནང་ཡོད་རུང༌། དེང་སྐབས་འཛམ་གླིང་ནང་ཡོངས་སུ་གྲགས་པའི་འཇིགས་སྐུལ་རིང་ལུགས་པ་ཟེར་བའི་མིང་ཚིག་འདི་བེད་སྤྱོད་རྩ་བ་ནས་བཏང་མེད་པ་རེད།    མཚམས་རེར་ཁ་ཆེའི་གསུང་རབ་ནང་ཡོད་པའི་ལུང་ཚིག་རྣམས་སྐྱོར་འདོན་བྱས་ཡོད་པ་དང༌། སྲིད་འཛིན་རང་ཉིད་ཀྱི་མིང་དང་ཁ་ཆེའི་ཆོས་ལུགས་འཛིན་པ་ཚོའི་མིང་གི་འབྲེལ་བའི་སྐོར་ཡང་གཏམ་བཤད་གནང་ཡོད་པ་རེད།།?ག¿9