ས་ཞིང་འདེབས་ལས་ཀྱི་ངོ་རྒོལ་མཚམས་འཇོག་དགོས་པའི་བཙན་བཀའ།

    སྤྱི་འཐུས་སྨིན་ལམ་མཐར་ཕྱིན་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན།  ཕྱི་ཟླ་༥ ཚེས་༣༠ ཙམ་ནས་ཆབ་མདོ་ཁུལ་དང༌། འཇོ་མདའ་རྫོང་ཁོངས་འདན་ཆོས་འཁོར་ཕྱོགས་བཅས་ནས་རྒྱ་དམག་རླངས་འཁོར་ཆེ་བ་༦༠ ཙམ་དང༌། ཆུང་བ་ཁ་ཤས་བཅས་འཇོ་མདའ་རྫོང་དུ་སླེབས་པ་དང༌། ཆབ་མདོ་ས་ཁུལ་དང༌། འཇོ་མདའ་རྫོང༌། ཤང་སོ་སོ་བཅས་ཀྱི་ལས་དོན་རུ་ཁག་ཡོང་ནས་བོད་མི་རྣམས་ལ་ཞིང་ཁ་འདེབས་དགོས་པའི་བཙན་བཀའ་བཏང་བ་མ་ཟད། མཐར་འཇོ་མདའ་རྫོང་ཁྲེན་ཀང་ཀྲིན་ཞེས་པའི་ཁོངས་གཏོགས་ནས་གྲོང་ཚོ་སོ་སོར་རྒྱན་རྒྱག་བཅུག་རྗེས་དངུལ་མདའ་རུ་བར་རྒྱན་དང་པོ་བབས་སྐོར་གྱིས་ཞིང་ཁ་རྨོ་དགོས་པའི་སྐོར་བཤད་སྐབས། ས་གནས་བོད་མི་མང་པོ་མཉམ་འཛོམས་ཀྱིས་རྒྱ་ཡི་ལས་བྱེད་སྡོད་སའི་ཁང་པ་ཁག་གི་སྒོ་དང་སྒེའུ་ཁུང་གཏོར་བ་སོགས་བྱེད་སྐབས་ལས་བྱེད་ཚོས་རྒྱ་དམག་ལ་ཁ་པར་བཏང་བར་བརྟེན། རྒྱ་དམག་༣༠༠ ཙམ་ཡོང་ཏེ་བོད་མི་རྣམས་ཀྱི་ཁྲོད་མེ་མདའ་གང་བྱུང་འཕངས་པ་དང༌། ལྕགས་དབྱུག་གཞུས་པ། དུག་རླངས་གཏོར་བ་སོགས་བྱས་ཏེ་བོད་མི་མང་པོར་རྨས་སྐྱོན་བཏང་ཡོད་པའི་ནང་ནས། ཚེ་རིང་ཞེས་པའི་ལག་པར་མེ་མདའ་ཕོག་ཡོད་ནའང་ད་ལྟ་སྨན་ཁང་དུ་ཁྲིད་རྒྱུ་བྱུང་མེད་པ་དང༌། དཔའ་དགའ་དང༌། ལྷ་དར་གཉིས་ལ་ལྕགས་དབྱུག་གཞུས་ཏེ་རྨས་སྐྱོན་ཚབས་ཆེན་ཕོག་རྗེས་རྒྱ་དམག་གིས་ཁྲིད་ནས་ད་ལྟ་གང་དུ་ཡོད་མེད་ཤེས་རྟོགས་མེད་པ་རེད། བསམ་དགའ་ཞེས་པའི་ཁ་ནང་དུ་མེ་མདའ་བཙུགས་ནས་ལྕགས་དབྱུག་གཞུས་པས་ཆབ་མདོ་རུ་ཁྲིད་ཡོད་འདུག་ཀྱང་ཕལ་ཆེར་ཤི་ཟིན་ཡོད་པར་ཚོད་དཔག་བྱེད་ཀྱི་ཡོད་འདུག བོད་མི་ཕལ་ཆེ་བ་འཛིན་བཟུང་བྱེད་སྐབས་ཝ་ར་དགོན་དང༌། འཇོ་ཕུ་དགོན་པའི་ལས་སྣེ་དང༌། བོད་མི་བསམ་ཡོད་ཁག་ཅིག་གིས་བར་འདུམ་ལྟ་བུ་གནང་རྗེས་བསོད་ནམས་དཔལ་མོ་(བསོད་དཔལ་)དང༌། བློ་བཟང་དཔལ་ལྡན། ཡེ་ཤེས་རྡོ་རྗེ་གསུམ་གཏེ་བོ་ཡིན་སྐོར་བརྗོད་དེ་མུ་མཐུད་བཀག་ཉར་བྱས་ཡོད་འདུག་པ་ལས་མང་པོ་ཞིག་གློད་ཡོད་འདུག དེའི་ཕྱི་ཉིན་རྒྱ་དམག་རྣམས་གྲོང་ཚོའི་ཁྱིམ་ཚང་སོ་སོའི་ནང་འཛུལ་ཏེ་སྐྱེས་པ་རྒྱག་རྡུང་བྱེད་བཞིན་ཁྲིད་པ་དང༌། བུད་མེད་རྣམས་ལ་གཡག་བསྡུ་རུག་བྱེད་བཅུག་ཡོད་འདུག བོད་མི་སྐྱེས་པ་ཕལ་ཆེ་བ་སྔོན་མ་ནས་རི་ལ་བྲོས་ཟིན་ཡོད་པ་དང༌། དགེ་བསྙེན་གྱི་སྡོམ་པ་ཞུས་ཟིན་པའི་རྒས་པོ་མང་པོ་ཞིག་ལྷག་ཡོད་པ་རྣམས་ལ་བཙན་བཀའ་བཏང་ནས་དམག་མི་ཁ་ཤས་མདུན་ནས་འགྲོ་བ་དང༌། ཁ་ཤས་རྒྱབ་ནས་འགྲོ་བཞིན་ཞིང་ཁ་རྨོ་བཅུག་གི་ཡོད་འདུག

    སྤྱིར་བཏང་ཟླ་ཤས་སྔོན་ནས་བཟུང་རྫོང་དེའི་ཁོངས་དགོན་གསར་དགོན་དང༌། སྐུ་སེ་དགོན། ཅ་ཅེ་དགོན། གཏེར་སྟོན་དགོན། གདེང་ཕུ་དགོན། གྲུབ་རུམ་དགོན། དཔལ་ཆེན་དགོན། རྒྱུ་ནེ་དགོན་བཅས་སུ་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་སྤེལ་བཞིན་ཡོད་འདུག་ཅིང༌། གྲྭ་པ་རྣམས་ཀྱིས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་མ་ནུས་པར་རིམ་བཞིན་དགོན་པ་སྟོང་པ་ཆགས་བཞིན་ཡོད་འདུག ཉེ་ཆར་གནས་ཚུལ་དེ་ལྷགས་རྗེས་རྒྱུ་ནེ་དགོན་དུ་མཚན་མོ་དམག་མིས་སྒྲུབ་ཁང་དང༌། མགོན་ཁང༌། ཚོགས་ཁང༌། གྲྭ་ཤག་སོགས་སྔོག་བཤེར་བྱས་པ་དང༌། དགོན་པར་རྒྱུན་བཞུགས་སྒྲུབ་བླ་༨ ཡོད་པ་རྣམས་ལ་གཅར་རྡུང་ཚད་མེད་བྱས་ཡོད་འདུག ད་དུང་དཔལ་ཆེན་དགོན་གྱི་སྒྲུབ་བླ་རྣམས་ལ་ཡང་བརྡུང་ཡོད་པ་དང། ད་ལྟ་དགོན་པ་ཁག་ཏུ་གྲྭ་རྒན་བླ་རྒན་ཁ་ཤས་ལས་གྲྭ་པ་གཞན་རྣམས་ཕྱི་ལ་ཐོན་དགོན་བྱུང་ཡོད་འདུག སྟག་གཟིག་སྟོད་སྨད་གཉིས་དང༌། ལྷོ་སྟོད་མ་སོགས་ཀྱིས་ཁ་སྔོན་ས་ཞིང་འདེབས་ལས་བྱས་ཡོད་འདུག་ཀྱང་ད་ལྟ་བོད་མི་རྣམས་ལ་རྒྱ་གཞུང་གིས་དྲག་གནོན་རྡུང་རྡེག་བཏང་བར་གདུང་སེམས་མཉམ་བསྐྱེད་ཆེད་ཞིང་ཁར་དུད་འགྲོ་སེམས་ཅན་བཏང་ནས་བེད་མེད་དུ་བསྒྱུར་བཞིན་ཡོད་འདུག།།