ཌོ་ལོར་གྱི་ཆེད་དུ་ཐ་ན་སོ་སོའི་ལ་རྒྱ་འང་བཙོངས།
དགུ་བཅུ་གསུམ་ཚོགས་པ་ཁོ་རང་ཚོའི་ངོས་ནས་འཁྲབ་སྟོན་པ་ཕར་གཏོང་སྐབས་བདམས་ལུགས་དང༌། གཏོང་ལུགས་ག་འདྲ་བྱས་འདུག་ཁྱོད་ཚོའི་གོ་ཨེ་བྱུང༌། རིགས་ཨེ་བྱུང༌། མཐོང་ཨེ་བྱུང༌། ཁོ་ཚོས་ཆ་རྐྱེན་གང་ཞིག་བཏོན་ཡོད་རེད། ཆ་རྐྱེན་ཚང་མཁན་མི་ཚང་མ་ལ་ལན་བསྐྱལ་ཡོད་རེ་བས། འདི་ཚོ་ཚང་མ་ཧ་གོ་ནས་བཤད་དགོས་ཀྱི་རེད། མ་ཤེས་ན་དྲི་དགོས་རེད་མ་གཏོགས་ཏོ་ལེ་ཆུ་མཆོངས་རྐྱང་རྐྱང་བྱས་ནས་སུ་སིར་གནས་སྡོད་ཀྱི་བོད་མི་ཡོད་དོ་ཅོག་ལ་ཁ་བརྡུངས་བཏང་ཤེས་ཙམ་བྱས་ནས་བསྡད་ན་རྒྱུ་མཚན་མཐོང་གི་མི་འདུག
སྐབས་དེར་རྒྱུ་མཚན་དེའི་རྐྱེན་པས་ཆབ་སྲིད་བརྩོན་པ་ཁ་ཤས་ཤིག་དགུ་བཅུ་གསུམ་དུ་སོང་ནས་ཁྱེད་ཚོས་སུ་སིར་འཁྲབ་སྟོན་པ་དེ་ཚོར་ཆ་རྐྱེན་གང་གང་དགོས་ཀྱི་ཡོད་རེད་ཟེར་འདྲི་སྐབས། ཉུང་མཐར་ལོ་གཅིག་ཆབ་སྲིད་ཉེས་མིང་འོག་བཙོན་ཁང་དུ་བསྡད་མྱོང་མཁན་དང༌། ད་སྐབས་ཕྱི་བསྐྱོད་ལག་ཁྱེར་ཡོད་པ་ཟེར་བ་དེ་གཉིས་ཁོ་ཚོའི་ཆ་རྐྱེན་རེད། ཆ་རྐྱེན་དེ་གཉིས་ང་ཚོ་ལ་ཡང་ཡོད་ཡིན་ནའང་ང་ཚོར་ལན་གང་ཡང་སླེབས་མ་སོང་ན་རྒྱུ་མཚན་གང་ཡིན་ན་ཟེར་འདྲི་སྐབས། ཚོགས་གཙོ་དང༌། དྲུང་ཆེ་སོགས་ལས་བྱེད་ཚང་མས་ཁ་རུབ་བརྒྱབ་སྟེ་སྐད་ཆ་བཤད་ས་རག་གི་མི་འདུག་ཟེར། ཁོ་ཚོ་ནི་ཉམས་ཆུང་བྱས་བསྡད་ན་མགོ་ཐོག་ཞོན་མཁན་དང༌། བཙན་པོ་བཤད་ན་ཚུར་ཕྱག་གྲབས་བྱེད་མཁན་རེད་འདུག་ཟེར། མ་ཟད་ཁྱེད་རང་ཚོར་རྗེས་མ་གོ་སྐབས་རག་གི་རེད་དེ་མ་རག་གི་བར་དུ་འཚོ་བརྟེན་བྱས་ཟེར་སྒོར་མོ་ཁྲི་གཅིག་སྤྲད་གྲབས་བྱས་བྱུང་ཟེར་གི་འདུག མཐར་བསྡོམས་ཤིག་བརྒྱབ་ན་ཁོ་ཚོར་མགོ་ནས་ལས་ཀ་བྱེད་སྟངས་ལ་གཞིགས་ན་གྲུབ་འབྲས་དེ་ག་རང་མ་གཏོགས་ཡོང་ས་མེད།
ད་སྐབས་བོད་མདོ་ཁམས་ནས་རྒྱལ་གཅེས་དཔའ་བོ་རྣམས་བཙན་བྱོལ་དུ་སླེབས་ཏེ་དྲིལ་བསྒྲགས་རེ་བྱས། དེའི་བར་ན་ཞབས་འདྲེན་པ་ཁ་ཤས་ནས་ཌོ་ལོར་གྱི་ཆེད་དུ་ཐ་ན་སོ་སོའི་ལ་རྒྱ་དང་དེ་སྔ་ཡོད་པའི་རྒྱལ་གཅེས་པའི་མིང་དེ་ཡང་ནམ་མཁའི་འཇའ་ལྟར་ཡལ་བའི་བྱེད་སྟངས་དེ་ནི་དངོས་ནས་ངུ་བྲོ་བ་རང་མ་རེད་དམ།