དུས་རབས་ཉེར་གཅིག་གི་བོད་ཀྱི་བུད་མེད་ཚོ།
ལན་དེ་བློ་ལ་བབ་པ་ཞིག་འབྱུང་དཀའ་བ་དང༌། དྲི་བ་དེའང་ཆ་མི་ཚང་བའི་དྲི་ཞིག་ཏུ་ངོས་འཛིན་ཡོང་ཆོག ནུབ་ཕྱོགས་པའི་སྲོལ་རྒྱུན་དང་བྱུར་རབས་གཉིས་ཐད་དུ། བུད་མེད་ཚོས་སྤྱི་ཚོགས་ནང་ངལ་རྩོལ་བྱས་སྟངས་ནི་རྣམ་པ་མི་འདྲ་བ་ཞིག་ཡིན་དུས་འདིར་འགྲེལ་བརྗོད་བྱས་ན་འབྲེལ་ཆགས་པོ་ཞིག་མི་འདུག བོད་ཀྱི་བུད་མེད་ཚོར་མཚོན་ན་གཞི་རྩའི་ཆ་ནས་སམ་སྲོལ་རྒྱུན་གྱི་དུས་རབས་ནང༌། རིག་གནས་དང་སློབ་གསོ། དཔལ་འབྱོར་དང་འཕྲོད་བསྟེན། ཉམས་མྱོང་སོགས་ཕྱོགས་མང་པོ་ནས་རྗེས་ལུས་དང་ཆེས་རྗེས་ལུས་ཡིན། འོན་ཀྱང་ལྟས་ལྟས་རིག་རིག་ཏུ་ཡར་རྒྱས་ཡོང་བཞིན་པའི་རྣམ་པ་ཞིག་མངོན་ཡོད་མོད། ཆེས་དེང་རབས་གོང་མའི་བུད་མེད་དང་སྡུར་ན་བརྩི་རིན་དང་འཇལ་རིན་ཅང་མེད། མཐོང་ཚུལ་ལ་བོད་ཀྱི་བུད་མེད་ཚོར་དམིགས་བསལ་གྱི་འགན་ཁུར་ཏུ་བབ་པ་ནི། མི་རབས་ནས་མི་རབས་བརྒྱུད་པའི་ཡ་རབས་ལུགས་མཐུན་གྱི་གོམས་གཤིས་རྣམས་མི་རབས་རྗེས་མའི་ཕྲུ་གུ་ཚོར་འཇགས་ཐབས་བྱ་རྒྱུ་དེ་བོད་མི་རིགས་ཀྱི་འགག་རྩའི་དགོས་མཁོ་ཡིན་པས་མ་ཚད། དེ་ནི་ཁོང་ཚོར་ཆེད་སྦྱོང་སྤྲོད་མི་དགོས་པར་སོ་སོས་འཇོན་པ་དང་ནུས་པའི་ལས་དྲ་གལ་ཆེ་ཞིག་ཏུ་གྱུར་ཡོད། དེའི་རྨང་གཞིའི་ཐོག་ནས་ཉིན་རེ་བཞིན་རྒྱ་ཇེ་ཆེ་དང་འཐུས་སྒོ་ཇེ་ཚང་དུ་བཏང་ན་རིམ་བཞིན་རྒྱལ་ཁབ་ཀྱི་སྲིད་འཛིན་ཚུན་ཆན་ལའང་འཇོན་ཐངགཏོན་ས་ཡོད་པ་རེད། བློ་གཟུ་བོས་འགྲེལ་བཤད་ཅིག་རྒྱབ་ན། སྲོལ་རྒྱུན་གྱིས་གཉའ་གནོན་ནི་བོད་ཀྱི་བུད་མེད་ཚོའི་འགག་སྒོ་དང་བར་ཆད་རེད་ཅེས་བཤད་ཆོག་ལ། དཔེར་ན། ད་དུང་ཡ་མཚན་པ་ཞིག་ལ་མིའི་ངོ་གདོང་མཐུང་མ་མྱོང་བ་དང་དོ་སྣང་བྱེད་མྱོང་མེད་པའི་བུད་མེད་གཉེན་སྒྲིག་བྱས་པའི་གནས་ཚུལ་ཡང་གྲངས་ཀྱི་མི་ལངས་པ་ཐོན་ཡོད་པ་རེད། གནད་དོན་གཞན་ཞིག་ཏུ། བོད་ཀྱི་བུད་མེད་ལ་འགྲོ་འདུག་སྤྱོད་གསུམ་དང་ལུས་ངག་ཡིད་གསུམ་གྱི་ཀུན་སྤྱོད་ཉམས་ཆུང་ཞིག་ཡོད་པ་ནི། ནུབ་ཕྱོགས་པའམ་འཛམ་གླིང་འདིར་ངོམས་ཆོག་པ་དང་ནང་ཆོས་ཀྱི་དོན་སྙིང་ལྡན་པའི་གཤིས་ཀ་ཞིག་ཏུ་ངོ་སྤྲོད་ཞུ་ཆོག་གི་རེད་སྙམ།
