ཕྲུ་གུ་ཚོ་མཁས་མཛངས་ལྡན་པ་ཞིག་ཡོང་ཐབས་བྱེད་དགོས་པ་རེད།

    སྐབས་དེར་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཙན་བྱོལ་བོད་མའི་ཤེས་ཡོན་དང། དཔལ་འབྱོར། འཕྲོད་བསྟེན་བཅས་ཀྱི་སྲིད་བྱུས་སྐོར་ལ་གསུང་དོན། གལ་ཆེ་ཤོས་གཞི་རིམ་ཤེས་ཡོན་སྲིད་བྱུས་རེད། བཅའ་ཁྲིམས་ཀྱི་ནང་དུ་གསལ་བ་ནང་བཞིན། སྔོན་འགྲོ་ནས་འཛིན་གྲྭ་བཅུ་གཉིས་བར་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་གང་འདྲ་ཞིག་འཛིན་དགོས་པ་འཛིན་སྐྱོང་གིས་འཆར་གཞི་བཀོད་ཅིང༌། གྲོས་ཚོགས་ཀྱིས་གཏན་ལ་ཕབ་པའི་ཡིག་ཆ་དེར་གཟིགས་ན་ཤེས་ཡོན་གྱི་སྲིད་བྱུས་ག་འདྲ་ཞིག་ཡིན་པ་ཤེས་ཀྱི་རེད། དཔལ་འབྱོར་སྲིད་བྱུས་ཐད། རང་ཁ་རང་གསོ་ཐུབ་པ། རྒྱུན་སྐྱོང་ཐུབ་པ། འཚེ་བ་མེད་པ། ལྟོ་གོས་སྐྱོ་ཤོས་ཚོའི་བར་དུ་སྙོབ་ཐུབ་པའི་དཔལ་འབྱོར་གྱི་སྲིད་བྱུས་ཤིག་འཛིན་གྱི་ཡོད་པ་རེད། རང་ཁ་རང་གསོ་ཐུབ་པ་འགོ་ཚུགས་ཟིན་ཡོད་ཟེར་གྱི་ཡོད་པ་རེད། ད་ཆར་ང་ཚོས་བུ་ལོན་སྤྲོད་དགོས་པ་ཁ་གང་སྐར་མ་ལྔ་ཡོད་པ་མ་རེད། ལོ་རེའི་སྔོན་རྩིས་ཁ་མ་འདུམ་པ་འདས་པའི་ལོ་གསུམ་ནང་བྱུང་ཡོད་པ་མ་རེད། ད་ལྟ་བྱུང་ཡོང་ཁ་འདུམ་པ་ཞིག་བཟོ་ཡི་ཡོད་པ་རེད་ཅེས་དང། གཞུང་གི་ངོས་ནས་ཚོང་དང་འདུ་འགོད་ཀྱི་ལས་ཀ་མི་བྱེད་པ། དེ་དང་ཕྱོགས་མཚུངས་དཔལ་འབྱོར་གྱི་ལས་ཀ་གང་འདྲ་ཞིག་ཡིན་ཡང༌། དང་པོ། འཚེ་བ་མེད་པ། གཉིས་པ། ཁོར་ཡུག་ལ་མི་གནོད་པ། གསུམ་པ། རྒྱུན་གནས་ཐུབ་པ། བཞི་པ། དེའི་གྲུབ་འབྲས་ཀྱིས་དཔལ་འབྱོར་སྐྱོ་ཤོས་བར་སྙོབ་ཐུབ་པ་བཅས་རེད།
    འཕྲོད་བསྟེན་ལ་མཚོན་ན། སྨན་བཅོས་ལས་སྔོན་འགོག་གལ་ཆེན་དུ་བརྩི་རྒྱུ་དང། དེང་རབས་ལས་སྲོལ་རྒྱུན་སྨན་བཅོས་གལ་ཆེན་དུ་བརྩི་རྒྱུའི་སྲིད་བྱུས་རེད། ལྷག་པར་དུ་དེང་སྐབས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ནད་རིགས་སྣ་ཚོགས་ཁྱབ་གདལ་དུ་འགྲོ་བཞིན་ཡོད་སྟབས། སེམས་ཚོར་ཆེན་པོའི་ཐོག་ནས་ནད་རིགས་སྔོན་འགོག་གི་ཐོག་འགྲོ་སོང་མང་ཤོས་གཏོང་རྒྱུའི་ཐབས་ཤེས་བྱས་བསྡད་ཡོད་པ་རེད། མ་དང་བྱས་པའི་འཕྲོད་བསྟེན་ལ་དམིགས་བསལ་དོ་སྣང་བྱེད་ཀྱི་ཡོད། དེ་གང་ཡིན་ཟེར་ན། བོད་མི་རིགས་ཀྱི་འདས་པའི་བྱུང་རབས་ལ་བལྟས་ན། མི་བརྒྱ་ལས་སུམ་བཅུ་ནས་བཞི་བཅུ་ཚད་ལས་བརྒལ་བའི་རིག་སྟོབས་ཡོད་མཁན་བྱུང་ཡོད་པ་རེད། འདས་པའི་ལོ་ལྔ་བཅུ་ནང་བོད་ནང་ནས་ཚར་ལོངས་བྱུང་མཁན་དང། བཙན་བྱོལ་ནས་ཚར་ལོངས་བྱུང་མཁན་སྔོན་མ་ནང་བཞིན་རིག་སྟོབས་ཅན་ཐོན་རྒྱུ་ཁག་པོ་འདུག མང་ཆེ་ཤོས་འབྲིང་ཙམ་རེད། ཤེས་ཀྱི་ཡོད་དམ་ཟེར་དུས་ཚང་མ་ཏོག་ཙམ་ཤེས་ཀྱི་ཡོད་པ་དང། མཐར་ཕྱིན་པ་གཅིག་ཀྱང་མི་ཤེས། འཛམ་གླིང་ནང་སྐད་གྲགས་ཅན་གྱི་མཁས་པའི་བྱ་བ་བྱེད་མཁན་མི་གཅིག་ཀྱང་ཐོན་རྒྱུ་མེད་པ་དེ་མི་རིགས་ཀྱི་ངོས་ནས་སེམས་འཚམ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། ཁྱེད་རང་ཚོ་མཐོ་རིམ་སློབ་གྲྭ་འགྲིམ་བཞིན་པ་ཚོ་མཁས་པ་ཐོན་དགོས་ཀྱི་ཡོད་པ་རེད། ྋསྐྱབས་མགོན་རིན་པོ་ཆེས་རིགས་གཅིག་རྐང་འཛིན་དང། ཆེད་ལས་པ་ཐོན་གྱི་མི་འདུག་གསུངས་པ་དེ་ཚིག་འཇམ་པོ་བྱས་ནས་གསུང་གི་ཡོད་པ་ལས། དོན་དག་མཁས་པ་མི་འདུག་གསུང་གི་ཡོད་པ་རེད། དེ་མ་བྱུང་བ་དེ་གང་ཐུག་པ་རེད། གཅིག་བྱས་ན་མ་དང་བྱིས་པའི་འཕྲོད་བསྟེན་ཡག་པོ་མ་བྱུང་བ་ལ་ཐུག་པ་མིན་འགྲོ་བསམ་ནས་དེའི་ཐོག་ནུས་ཤུགས་འདོན་གྱི་ཡོད་རེད། ཁྱེད་རང་ཚོ་དེང་གི་ན་གཞོན་མ་འོངས་འགོ་ཁྲིད་ཟེར་གྱི་ཡོད་པ་རེད། འགོ་ཁྲིད་ཆགས་ཀྱི་རེད་ལ། མ་འོངས་པར་ཨ་པ་ཨ་མ་ཡང་ཆགས་ཀྱི་རེད། སོ་སོ་དམིགས་བསལ་མཁས་མཛངས་ལྡན་པ་མ་བྱུང་ནའང། སོ་སོའི་ཕྲུ་གུ་ཚོ་མཁས་མཁས་མཛངས་ལྡན་ཞིག་ཆགས་པའི་ཐབས་ཤེས་བྱེད་དགོས་པ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག།ད་ལྟ་མཁས་དབང་ཐོན་མི་ཐུབ་པ་དེར་སྐྱོན་ཞིག་ལྷག་ཡོད་ཀྱི་རེད། སྐྱོན་དེ་བཙལ་ནས་ཐོན་ཐུབ་པ་བྱེད་དགོས་པ་དེ་གལ་ཆེན་པོ་རེད་ཅེས་སོགས་གསུངས་ཡོད་པ་རེད།།