གཏམ་རྒྱུད་ནང་བུད་མེད་བཀའ་བློན་ཁྲི་པའི་འོས་མིའི་སྐར་མ་གཅིག་གི་གཏམ་བཤད།

དེ་རིང་བོད་མོ་དཀྱུས་མ་ང་བཀའ་བློན་ཁྲི་པའི་འོས་གཞིའི་ནང་སླེབས་དུས་ཁ་ཤས་ཧང་སང་ཡོད་མདོག་ཁ་པོ་རེད། དམངས་གཙོ་ཚད་ལྡན་གྱི་སྤྱི་ཚོགས་ཤིག་ཡིན་ན། དེར་ཡ་མཚན་རྒྱུ་གང་ཡང་ཡོད་མ་རེད། གང་ཡིན་ཟེར་ན། དུས་རབས་ཉི་ཤུ་རྩ་གཅིག་ཡར་ཐོན་གྱི་དུས་འདིར་རྒྱལ་སྤྱིའི་ཐོག་མཇའ་མིན་ནིའི་རྒྱལ་ཁབ་ཀྱི་སྲིད་འཛིན་བུད་མེད་ཅིག་རེད་ལ། རྒྱ་གར་གྱི་སྲིད་འཛིན་ཡང་བུད་མེད་ཅིག་རེད། མིང་འདོགས་ཡོད་མེད་ལ་མ་ལྟོས་པར་འདས་པའི་བོད་ཀྱི་ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས་ན་བོད་ཀྱི་བུད་མེད་ཚོས་འཇོན་པའི་ལོ་རྒྱུས་གསོན་པོ་ཡོད། དཔེར་ན། བཙན་པོའི་དུས་ཀྱི་རྒྱལ་མོ་ཁྲི་མ་ལོད་ལྟ་བུ།

 

 དེ་སྔོན་༸གོང་ས་ཡིད་བཞིན་ནོར་བུས་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་བུད་མེད་ཅིག་གི་ངོ་བོ་ཐོག་ནས་ཕེབས་སྲིད་པར་གསུངས་ཡོད་ལ། ཁོང་དང་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་གཉིས་ཀྱིས་མ་འོངས་བཀའ་བློན་ཁྲི་པ་གཞོན་སྐྱེས་ཤིག་ཡོང་ན་བཟང་བ་དང༌། བུད་མེད་ཅིག་བྱུང་ན་དེ་བས་བཟང་ལུགས་གསུང་ཡོད་པ་རེད། ང་ཚོའི་བོད་ཀྱི་བུད་མེད་ཚོས་བོད་པའི་ཁྱིམ་ཚང་སྐྱོང་བའི་འཇོན་ཐང་ལྡན་ཡོད་ལ། བོད་ཀྱི་ཁྱིམ་གཞི་ཆེན་མོ་སྐྱོང་བའི་ནུས་པ་དང་ལྷག་བསམ་ཡང་ལྡན་ཡོད། དེ་འདྲ་སོང་ཙང༌། བུད་མེད་ཅིག་བཀའ་བློན་ཁྲི་པ་ལངས་མ་ཐུབ་པའི་རྒྱུ་མཚན་ག་རེ་ཡོད་དམ།

 

རྒྱ་ནག་གཞུང་གིས་བོད་བཙན་བྱོལ་སྲིད་གཞུང་འདིས་སྔར་ཡོད་ཞིང་བྲན་ལམ་ལུགས་བསྐྱར་གསོ་བྱེད་ཀྱི་ཡོད་པ་དང༌། ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུན་འཛིན་ལམ་ལུགས་རྙིང་པ་སྐྱར་གསོ་བྱེད་ཀྱི་ཡོད་པའི་སྐོར་གྱི་སྐྱོན་འདོགས་དང་འུར་བརྗོད་སྣ་ཚོགས་བྱས་དང་བྱེད་བཞིན་པ་རེད། ༸གོང་ས་མཆོག་གིས་ང་ཚོ་བོད་བཙན་བྱོལ་གཞུང་འདི་དོམ་དམ་གྱི་དམངས་གཙོ་སྲིད་གཞུང་ཞིག་ཡིན་པ་ལས། རྒྱ་གཞུང་ལྟར་ཁ་བཤད་དོན་དང་མི་མཚུངས་པའི་དམངས་གཙོ་རྫུན་བཟོའི་གཞུང་ཞིག་མིན་ཞེས་གསུངས་ཡོད་པ་རེད།

 

འོ་ན་རང་ལ་འཇོན་ཐང་དང་ནུས་པ། ལྷག་བསམ་བཅས་ལྡན་ཡོད་པ་དང༌། སྐྱ་སེར་ཕོ་མོ་ཁྱད་མེད་ཀྱིས་སུ་ལ་འཇོན་ནུས་ཡོད་ན། དེས་རང་གཞུང་གི་ཆབ་སྲིད་ཀྱི་གོ་དབང་འཛིན་ཆོག་པ་ནི་དམངས་གཙོ་ཚད་ལྡན་གྱི་ལམ་ལུགས་ཤིག་ཡིན་ན། བུད་མེད་ཅིག་བཀའ་བློན་ཁྲི་པ་ལངས་མ་ཐུབ་པ་ག་རེ་ཡིན་ན། ང་ཚོ་བོད་ཀྱི་བུད་མེད་ཚོས་མི་འཇོན་རྒྱུ་གང་ཡང་མེད། ད་བོད་ཀྱི་བུད་མེད་ཚོ་ཡར་ལངས་དགོས་པའི་དུས་ལ་སླེབས་ཡོད།

 

དབྱིན་ཇིའི་སྐད་དུའང་ Behind every successful man,ther is a Woman ཟེར་བ་ནི་ཕུལ་བྱུང་བའི་སྐྱེས་པ་རེ་རེའི་རྒྱབ་ཏུ་བུད་མེད་རེའི་རྒྱབ་སྐྱོར་ཡོད་ཅེས་པའི་དོན་སྙིང་མིན་ནམ། དམངས་གཙོ་གོ་རྟོགས་ལེགས་པོ་ཡོད་པའི་ཁྱེད་རྣམས་ཀྱིས་བུད་མེད་ཅིག་བཀའ་བློན་ཁྲི་པར་ལངས་ཐབས་ལ་རྒྱབ་སྐྱོར་གནང་བའི་ཡིད་ཆེས་གཙང་མ་ཡོད། ཐུགས་རྗེ་ཆེ།

 

2009ལོའི་ཟླ་5ཚེས་31ཉིན་བློ་འཛིན་ཆེད་དུ་བྲིས།