རྒྱ་གོག་དེ་ཚོ་སླེབས་ཤག

གང་ལྟར་ཁོང་ཚོ་བོད་རྒྱ་གཉིས་ཀྱི་དངོས་ཡོད་གནས་ཚུལ་ལ་ཞིབ་འཇུག་བྱེད་དུ་ཡོང་བ་རེད་ཅེས་པ་ལས་ཁ་གསལ་ཞིག་མ་བྱུང། དེ་འདྲ་ཞིག་གོ་དུས་ལམ་སང་སྔོན་མའི་གནས་ཚུལ་ཞིག་དྲན་བྱུང་།

 

དེ་སྔོན་ཐེ་ཝན་གནད་དོན་སྒང་ལ་ཨ་རི་དང་རྒྱ་ནག་གཉིས་འབྲེལ་བ་ཅུང་ཚབས་ཆེན་བྱུང་བའི་སྐབས་སུ་ཨ་རིར་མི་སེར་གྱུར་ནས་གནས་སྡོད་བྱེད་མཁན་གྱི་རྒྱ་རིགས་རྣམས་ཀྱིས་ནམ་རྒྱུན་རྒྱ་ནག་སྲིད་གཞུང་ལ་མི་དགའ་ཡང་། གནད་དོན་དེ་འདྲའི་ཐད་ཁོང་ཚོས་ཁ་ཞེ་གཉིས་མེད་ཀྱིས་བརྗོད་གསལ་ལ། གལ་སྲིད་རྒྱ་ནག་སྐམ་ས་ཆེན་མོས་ཨ་རིར་དམག་རྒྱག་དགོས་པའི་གནས་ཚུལ་འདྲ་བྱུང་ན། ང་ཚོར་ཡོད་ཚད་རང་རྒྱལ་གྱི་དོན་དུ་གཏོང་གི་ཡིན་ཞེས་བརྗོད་ཡོད་པ་ནི་ལོ་རྒྱུས་ནང་ང་ཚོས་སློབ་སྦྱོང་བྱེད་དགོས་པ་ཞིག་མ་ཡིན་ནམ། རྒྱ་མི་ཟེར་དུས་དེ་འདྲ་ཞིག་ཡོད་པ་རེད།

 

                             ད་ལྟ་མི་མང་ཁྲོད་ལ་ཝང་ལི་ཞུང་དྷ་སར་ཡོང་དོན་ལ་དོགས་པ་ཡོད་མཁན་ཧ་ཅང་མང་ཡང་དཔོན་རིགས་ཚོའི་ནང་རེ་བ་བྱེད་མཁན་ཉུང་ཉུང་མིན་ཚུལ་འདུག གང་ལྟར་ཝང་ལི་ཞུང་དྷ་སར་ཟླ་བ་གཉིས་ཙམ་འདུག་རྒྱུ་ཡིན་པ་དང་། སྐབས་དེའི་རིང་ལ་བོད་དོན་ལ་ཉམས་ཞིབ་བྱེད་འཆར་ཡོད་འདུག ཝང་ལི་ཞུང་མི་གང་འདྲ་ཞིག་ཡོད་མེད་ཚང་མར་ཧ་ལམ་ལྐོག་གྱུར་ཡིན་ཡང་། ཁོ་རང་གི་རྩོམ་ཡིག་དག་ལེགས་པར་ཀློག་ནས་མནོ་བསམ་ཞིག་ཐོངས་དང་མངོན་མཚན་རེད།

ང་ཚོས་དུས་ཐོག་དུ་འགན་མ་ཁུར་བ་ཡིན་ན། ཉིན་ཞིག་དྷ་སའི་བོད་མི་ཕྱེད་ཀ་རེ་བས་ཕུང་བ་དང་ཕྱེད་ཀ་དོགས་པས་ཕུང་བའི་དུས་ཤིག་ཤར་མི་སྲིད་པ་ཡང་མ་རེད་སྙམ། དེ་ལྟར་བྱུང་ན་དུས་སྐབས་ཕྱིར་ལྡོག་བྱེད་རྒྱུ་ཞིག་ཡོད་དམ།

དེས་ན་འབྲེལ་ཡོད་གཞུང་དང་ཚོགས་སྡེ་སྒེར་པ་སོགས་སུས་ཀྱང་རེ་དོགས་གཉིས་ཀྱི་འཇིག་རྟེན་ཞིག་ཏུ་མ་བསྡད་པར་ངེས་པར་དུ་བེད་སྤྱོད་ཡག་པོ་གཏོང་ཐུབ་དགོས། ལྷག་པར་དུ་ང་ཚོས་རྒྱ་མི་ལ་ཇི་ཙམ་གྱི་གྲོགས་པོ་སྒྲིག་ཀྱང་རང་གི་ལོ་རྒྱུས་མ་བརྗེད་པ་ཞིག་དང། རྒྱ་ནག་དང་གཏམ་གླེང་བྱེད་སྐབས་སྨད་ཚོང་བུ་མོའི་སྙིང་གཏམ་དེ། བདེན་དུ་བསམས་ཀྱང་རྒྱབ་ནས་ཕུང་ཞེས་པ་ལྟར་མི་ཡོང་བ་བྱེད་རོགས་ཞུ་རྒྱུ་ཡིན།