ྋགོང་ས་མཆོག་ཞི་བདེའི་ལྷན་ཚོགས་སུ་ཕེབས་འཆར།
དེ་ཡང་༢༠༠༩ ཟླ་བ་༩ ཚེས་ ༢༧ ནས་ ༢༩ བར་ཉིན་གསུམ་རིང་ཞི་བདེའི་ལྷན་ཚོགས་སུ། ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཌི་སི་མོའོ་ཀྲུའུ་ཀྲུའུ་མཆོག་དང། བུད་མེད་མཱ་རིས་རོ་བྷན་སུན། དེ་བཞིན་ཁོར་ཡུག་ལས་འགུལ་དྭངས་བླང་བ་མཁས་དབང་ཝོ་གྷ་རི་མཱ་ཐིས་དང་སྙན་གྲགས་ཆེ་བའི་མི་ལྗང་ཁུའི་རོལ་དབྱངས་ཚོགས་པ། ད་དུང་ཡུལ་དེར་ཡོད་པའི་ཆོས་ལུགས་ཐད་ཀྱི་རྩོམ་པ་པོ་དང་མཁས་དབང་སོགས་ཚོགས་བཅར་གནང་གཏན་ཁེལ་ཡོད་འདུག ལྷན་ཚོགས་ཐོག་གི་བརྗོད་གཞི་གཙོ་བོ་ནི་འཛམ་གླིང་ཞི་བདེའི་སྐོར་དང་ཤེས་ཡོན། བུད་མེད་དང་ན་གཞོན་རྣམས་ཀྱི་ནང་བསམ་བློའི་ཞི་བདེའི་འཕེལ་ཐབས་བཅས་ཀྱི་སྐོར་ཡིན་ཞིང༌། ཁེ་ན་ཌའི་ཡུལ་དུ་ཡོད་པའི་ྋཏཱ་ལའི་བླ་མའི་ཞི་བདེ་དང་ཤེས་ཡོན་བསྟི་གནས་ཁང་ཟེར་བའི་ལྷན་ཚོགས་དེའི་ངེས་སྟོན་པ་ཝི་ཀི་ཊོར་ཆན་མཆོག་གིས། ང་ཚོས་འཛམ་གླིང་ནང་ཤེས་ཡོན་དང་ཞི་བདེ་འཚོལ་མཁན་གྱི་མི་སྣ་ཚོ་དང༌། བརྗོད་གཞི་སྣ་ཚོགས་ཀྱི་ཐོག་གོ་བསྡུར་བྱེད་རྒྱུ་དེ་ནི་གོ་སྐབས་བཟང་པོ་ཞིག་རེད་ལ། ང་ཚོས་གནད་དོན་བྱེ་བྲག་པ་གཅིག་གི་ཐོག་གོ་བསྡུར་བྱེད་རྒྱུ་མིན་པར། སྐུ་མགྲོན་ཚོ་འཛམ་གླིང་གི་གནད་དོན་ལ་འགན་ཁུར་གནང་མཁན་ཤ་སྟག་ཡིན་པས། གལ་ཆེ་ཤོས་འཛམ་གླིང་གི་གནད་དོན་བཟང་ཤོས་སུ་འགྱུར་བ་འགྲོ་ཐབས་སུ་བཀའ་མོལ་གནང་རྒྱུ་རེད་ཅེས་ཁྱབ་བསྒྲགས་བྱས་ཡོད་པ་རེད། དེ་བཞིན་ཕྲུ་གུའི་རང་དབང་ཐེབས་རྩ་ལྷན་ཚོགས་དང་ཏཱ་ལའི་བླ་མའི་ཞི་བདེ་དང་ཤེས་ཡོན་བསྟི་གནས་ཁང་གཉིས་ཟླ་སྒྲིལ་ནས། ལྷན་ཚོགས་ཐོག་དབྱིན་ཡུལ་གྱི་གཙུག་ལག་སློབ་གྲྭ་ཆེན་མོ་ཀོ་ལུམ་བྷའི་སོགས་ཀྱི་སློབ་མ་༡༥༠༠༠ ལྷག་ཙམ་གདན་ཞུ་བྱེད་རྒྱུ་ཡིན་པ་རེད།