མང་གཙོའི་ལམ་སྲོལ་དང་མཐུན་པ་ཞིག་ཆགས་ཀྱི་ཡོད་པ་མ་རེད།
བཀའ་བློན་ཁྲི་པ་མཆོག་གིས་ཛ་དྲག་གི་གནས་བབས་དང་བཀའ་བློན་ཁྲི་པའི་འགན་འཁུར་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་དོན། སྤྱིར་འཛམ་གླིང་ཡོངས་རྫོགས་ཧ་ཅང་གི་ཛ་དྲག་གི་གནས་བབ་ཅིག་གི་འོག་འགྲོ་བཞིན་ཡོད་པ་རེད། ད་ལྟའི་འཛམ་གླིང་ཉེན་ཁ་དང་འགལ་རྐྱེན་མི་འདྲ་བ་ ༥ ཙམ་གྱི་ཁ་གཏད་གཅོག་དགོས་ཀྱི་ཡོད་པ་དང། འགལ་རྐྱེན་དེ་དག་རེ་རེ་ལའང་ས་ཡི་གོ་ལ་འདི་རྩ་མེད་གཏོང་ཐུབ་པའི་ནུས་པ་ཡོད། འགྲོ་བ་མིའི་རིགས་ཀྱིས་མཚོན་པའི་སྲོག་ལྡན་གྱི་སྐྱེས་འགྲོ་ཡོངས་རྫོགས་འཚོ་གནས་ཐུབ་པ་ཞིག་ཡོང་གི་ཡོད་འགྲོ། འཚོ་གནས་བྱ་མ་ཐུབ་པར་སྐལ་བ་འཇིག་པའི་གནས་སྐབས་ཤིག་ཏུ་སླེབས་ཀྱི་ཡོད་ད་ལྟ་བཤད་མ་ཐུབ་པ་ཞིག་རེད། དཔེར་ན། མི་འབོར་འཕེལ་རྒྱས་ཀྱི་གནས་སྟངས་དེ་ཛ་དྲག་གི་དཀའ་རྙོག་ཅིག་རེད། འཛམ་གླིང་ནང་མཚམས་ཚོད་མེད་པར་མི་འབོར་འཕེལ་རྒྱས་འགྲོ་ཡི་ཡོད་པ་དང། དེའི་དབང་གིས་དཔལ་འབྱོར་དང་མཐུན་རྐྱེན་ཅི་ཙམ་ཡར་རྒྱས་ཕྱིན་ཡང། དེས་མི་འབོར་འཕེལ་རྒྱས་ཀྱི་རྗེས་མ་ཟིན་པར། ལྷག་པར་དུ་རྒྱ་དཀར་ནག་ལྟ་བུ་ཡར་རྒྱས་འགྲོ་བཞིན་པའི་ཡུལ་ལུང་དག་ལ་མཚོན་ན། དངོས་པོའི་ཡར་རྒྱས་ཀྱི་མྱུར་ཚད་ཧ་ཅང་མགྱོགས་ཀྱང། མངོན་གསལ་དོད་པོས་མཐོང་མི་ཐུབ་པ་དེ་ནི། མི་འབོར་འཕེལ་རྒྱས་དེ་དངོས་པོའི་ཡར་རྒྱས་ཀྱི་ཚད་གཞི་ལས་མགྱོགས་དྲགས་པའི་དཀའ་ངལ་ཞིག་འཕྲད་ཀྱི་ཡོད་པ་རེད།
ཛ་དྲག་གི་དཀའ་ངལ་གཉིས་པ། དཔལ་འབྱོར་འདྲ་མཉམ་མེད་པ་དང་ཆབ་སྲིད་འདྲ་མཉམ་མེད་པའི་གནས་བབས། གཅིག་གིས་གཅིག་ལ་བཙན་གནོན་དང་བཤུ་གཞོག་བྱེད་པ། ཕྱུག་པོ་དང་དབུལ་པོ་གཉིས་ལ་བར་ཁྱད་ཆེན་པོ་འགྲོ་བ་ཡང་ཛ་དྲག་གི་གནས་སྟངས་ཆེན་པོ་ཞིག་རེད། དངོས་ཡོད་གནས་སྟངས་ཐོག་སྐྱོ་བོ་ཡིན་པ་དེ་ཙམ་མང་མ་རེད། འོན་ཀྱང། ལྟོས་ས་ལྟོས་འཇོག་གིས་སྐྱོ་བོ་ཡིན་པ་ཧ་ཅང་མང་པོ་རེད། འཛམ་གླིང་ཁྱོན་ཡོངས་ཀྱི་ཐོན་འབབ་ཡོངས་རྫོགས་ཀྱི་བརྒྱ་ཆ་བརྒྱད་ཅུ་དེ་འཛམ་གླིང་གི་མི་འབོར་བརྒྱ་ཆ་ཉི་ཤུ་༢༠ ཙམ་གྱིས་བག་མེད་ལོངས་སྤྱོད་བྱས་བསྡད་ཡོད་པ་རེད། འཛམ་གླིང་གི་མི་འབོར་བརྒྱ་ཆ་ ༨༠ ཙམ་ཐོན་སྐྱེད་བརྒྱ་ཆ་ ༢༠ ཡིས་འཚོ་ཐུབ་ན་རེད། ཤི་ནའང་རེད། དེའི་ཐོག་བསྡད་ཡོད་པ་དེ་ཧ་ཅང་གི་ཛ་དྲག་གི་གནས་སྟངས་ཤིག་རེད། ཚོང་པས་དབང་བསྒྱུར་བྱེད་པའི་དུས་རབས་དེ་འགྲོ་བཞིན་པ་རེད། རྒྱུ་སུ་ལ་ཆེ་ན་དེ་མ་གཏོགས། དྲང་བདེན་དང་ཁྲིམས་མཐུན་ཟེར་བ་དེ་རིགས་སྐད་ཆ་རྙིང་པ་ཆགས་ཚར་བ་རེད།
དེའི་དབང་གིས་ཛ་དྲག་གི་དཀའ་ངལ་གསུམ་པ། ཁོར་ཡུག་ཉམས་ཆག་དེ་རེད། ཁོར་ཡུག་ཉམས་ཆག་ཚད་ལས་བརྒལ་བ་ཕྱིན་པར་བརྟེན། ལྷག་པར་དུ་འཛམ་གླིང་བཟོ་ལས་ཅན་དུ་བསྒྱུར་བ་ནས་བཟུང། ལོ་ཉིས་བརྒྱ་ ༢༠༠ ལྷག་རིང་འཛམ་གླིང་གི་སྣོད་ཀྱི་བཀོད་པའི་རང་བྱུང་འབྱུང་ཁམས་དེར་ཧ་ཅང་གི་བརྡབ་གསིག་བཏང་ནས། མིའི་སྲོག་འཚོ་བར་མེད་དུ་མི་རུང་བའི་འཐུང་ཆུ་དང༌། དབུགས་འབྱིན་རྔུབ་བྱེད་པའི་རླུང་གཙང་མ་ཞིག་རག་གི་ཡོད་པ་མ་རེད། དེང་སྐབས་ཆུ་ལ་རིན་པ་སྤྲད་ན་མ་གཏོགས། རྒྱུགས་ཆུ་ཆེན་པོ་ཡོད་ཀྱང། ཆུ་མོ་གྷང་གའི་འགྲམ་ན་ཡོད་ཀྱང་འཐུང་ཆོག་གི་མ་རེད། རིམ་གྱིས་དབུགས་རྔུབ་པའི་རླུང་དེ་ཡང་ཤེལ་དམ་ནང་འཁྱེར་དགོས་པའི་དུས་ཤིག་མགྱོགས་པར་ཤར་གྱི་རེད་བསམ་གྱི་འདུག གྲོང་ཁྱེར་ཆེ་ཁག་གི་སྲིང་ལམ་དུ་ཁང་ཆུང་རེ་བཙུགས་ཏེ། དབུགས་རྔུབ་དགོས་པའི་འགོ་བཙུགས་ཚར་ཡོད་པདང། ནམ་ཞིག་རྒྱབ་ཁུག་ནང་བཏུང་བྱའི་ཆུ་དང་མཉམ་དུ་རྔུབ་བྱའི་དབུགས་ཀྱང་འཁྱེར་དགོས་པའི་དུས་ཤིག་མི་རིང་བར་འཆར་མི་སྲིད་པ་མ་རེད།
ཛ་དྲག་གི་དཀའ་ངལ་བཞི་བ། འཚེ་བའི་གནས་སྟངས་དེ་རེད། སྔོན་མ་ཡིན་ན་ས་ཁྱོན་དང་དཔལ་འབྱོར། དབང་ཆ་བཅས་ཀྱི་ཆེད་དུ་འཚེ་བ་བྱེད་ཀྱིན་ཡོད་པ་རེད། དམག་རྒྱག་པ་ལྟ་བུར་མཚོན་ན། གཅིག་ལ་ཐོབ་ཅིང་གཅིག་ཤོར་གྱི་རེད། དེ་ནས་ཚར་འགྲོ་བ་རེད། དེང་སྐབས་དམག་གི་ལས་དོན་དེ་ཚོང་ཆགས་ནས། འཇིགས་སྐུལ་རིང་ལུགས་ཟེར་བ་དེ་ཡང༌། འཇིགས་སྐུལ་རིང་ལུགས་གང་ཡང་མ་རེད། ཚོང་རེད། མཚོན་ཆ་བཟོ་སྐྲུན་བྱེད་མཁན་དེ་ཚོའི་ཁྲོམ་ར་གནས་དགོས་པ་རེད། ད་ལྟའི་འཛམ་གླིང་གི་བཟོ་གྲྭའི་ནང་དུ་སྟོབས་ཤུགས་ཆེ་ཤོས་དང་མཐུན་རྐྱེན་མང་ཤོས་དེ་མཚོན་ཆ་དང་མཚོན་ཆ་དང་འབྲེལ་བའི་དམག་འཐབ་ཀྱི་ཆ་རྐྱེན་ཤ་སྟག་བཟོ་ཡི་ཡོད་པ་རེད། དེས་ན་ཕལ་ཆེར་འཛམ་གླིང་གི་བཟོ་གྲྭའི་བརྒྱ་ཆ་ ༢༦ དང་༢༧ ཙམ་འཚེ་བ་དང་དམག་གི་མཐུན་རྐྱེན་བྱེད་མཁན་རེད་ཟེར་གྱི་ཡོད་པ་རེད། ཁོང་ཚོའི་ཁྲོམ་ར་གནས་དགོས་པས་འཛམ་གླིང་ལ་འཚེ་བ་མེད་པར་སྡོད་ཐབས་མེད་པ་རེད། བྱུང་ན་དམག་རྒྱག་དགོས་པ་དང། དེ་མིན་ན་འཇིགས་སྐུལ་རིང་ལུགས་པ་ཡོད་དགོས་པ་རེད། ཝེ་ཏི་ནཱམ་གྱི་དམག་འཁྲུག་ལོ་བཅུ་གྲངས་གཉིས་མ་ཟིན་ཙམ་འགོར་སྡོད་པ་དེ། ཁེ་ཕན་རག་འདོད་ན་བདུན་ཕྲག་ཁ་ཤས་ནང་དམག་ཐོབ་ཐུབ་པའི་ནུས་པ་ཕྱོགས་གཅིག་ལ་ཡོད་པ་རེད། ཁེ་ཕན་རག་མ་འདོད་པར་དམག་ཕྱིར་འཐེན་བརྒྱབ་པ་ཡིན་ན། ཆུ་ཚོད་ ༢༤ ནང་ཕྱིར་འཐེན་རྒྱུའི་ནུས་པ་ཡོད་པ་རེད། དམག་ཐོབ་རྒྱུ་དང་དམག་ཕྱིར་འཐེན་གཉིས་ཀ་ཁོང་ཚོའི་དམིགས་ཡུལ་མ་རེད། དམག་འཁྲུག་མུ་མཐུད་རྒྱུན་བསྲིང་བྱ་རྒྱུ་དེ་ཁོང་ཚོའི་དམིགས་ཡུལ་རེད། ཅི་ཙམ་རྒྱུན་བསྲིང་ཐུབ་ན་དེ་ཙམ་གྱིས་མཚོན་ཆ་དང་མཚོན་ཆ་དང་འབྲེལ་བའི་མཐུན་རྐྱེན་བེད་སྤྱོད་གཏོང་རྒྱུའི་གོ་སྐབས་ཤིག་རག་པ་རེད། དེ་དག་ལ་བསམ་བློ་བཏང་ན་ཞེད་སྣང་སྐྱེ་བ་ཞིག་རེད་གསུངས་སོང།
བཀའ་ཁྲི་མཆོག་གིས་མུ་མཐུད་གསུང་དོན། བདག་ཉིན་ཆེན་པོ་གྷན་དྷི་ཡིས་དེང་རབས་སྤྱི་ཚོགས་ཀྱི་དཔལ་ཡོན་དེ་སྲིན་པོའི་སྤྱི་ཚོགས་ཀྱི་དཔལ་ཡོན་རེད་གསུངས་དགོས་པ་དེ་རེད། ཚང་མ་ཚོང་ཆགས་པ་རེད། དཔེར་ན། སྨན་པ་ཞིག་གིས་སྨན་བཅོས་བྱེད་པ་དེ་ཁོ་རང་གི་འཚོ་ཐབས་རེད་ལ་ཚོང་ཡང་རེད། སྨན་བཟོ་མཁན་ལའང་ཚོང་རེད། དེར་བརྟེན། འཛམ་གླིང་མི་མང་ཚང་མ་ནད་མེད་པ་བཟོ་འདོད་ནམ་ཡང་ཡོད་པ་མ་རེད། མི་ཚང་མ་ནད་མེད་ཆགས་ན། སྨན་པ་ཡོངས་རྫོགས་ལྟོགས་ཤི་ཐེབས་པའི་ཉེན་ཁ་སླེབས་ཚར་བ་རེད། རྒྱ་གར་གྱི་གཏམ་དཔེར། སྨན་པ་དང་ཁྲིམས་རྩོད་པར་ཐེངས་གཅིག་འབྲེལ་བ་བྱས་ཚར་ན། མ་ཤི་བར་མུ་མཐུད་འབྲེལ་བ་མུ་མཐུད་བྱེད་དགོས་པ་བརྟན་པོ་ཆགས་སྡོད་ཀྱི་རེད། མིག་ན་བ་ཡིན་ན། སྨན་པའི་སར་སོང་དུས་མིག་དྲགས་འགྲོ་ཡི་རེད་མོད། ཨ་མཆོག་ན་ཡོང་གི་རེད། ཨ་མཆོག་དྲགས་དུས་མིད་པ་ན་ཡོང་གི་རེད། དེ་འདྲ་གཅིག་གིས་གཅིག་ལ་རྩིས་སྤྲོད་པ་འདྲ་ཆགས་བསྡད་ཡོད་པ་རེད།
ཛ་དྲག་གི་དཀའ་ངལ་ལྔ་བ། ཡ་མཚན་པ་ཞིག་ལ། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་བྱེད། སྐྱེ་འགྲོ་ཐམས་ཆད་བདེ་ལ་འགོད་བྱེད་ཆོས་རེད། སེམས་ཅན་གྱི་ཁམས་དང་མོས་པར་བརྟེན་ཏེ་ཆོས་བརྒྱུད་མང་པོ་ཡོད་པ་རེད། དེང་སྐབས་ཆོས་ཟེར་བའི་མིང་དེ་ཡང་བགོ་བཤའ་རྒྱག་པ་དང། འཐབ་རྩོད་བྱེད་པ། ཤོག་ཁག་བཟོ་བ་བཅས་ཀྱི་ཆ་རྐྱེན་ཞིག་ཏུ་བེད་སྤྱོད་བཏང་སྟེ། ཆོས་ལུགས་བར་གྱི་འཐབ་རྩོད་ཟེར་བ་དང། ཆོས་ལུགས་བར་གྱི་བཟོད་བསྲན་མེད་པ་ཟེར་བའི་གནས་སྟངས་ཆགས་ཡོད་པ་རེད། ཛ་དྲག་གི་དཀའ་ངལ་འདི་དག་ལྔ་བོ་འཛམ་གླིང་གི་ཉེན་ཁ་ཆེ་ཤོས་དེ་ཆགས་ཡོད་པ་རེད། དེ་འདྲ་ཞིག་གི་གནས་བབས་འོག་ཏུ་བསྡད་ཡོད་སྟབས། ང་ཚོ་ག་དུས་ཡིན་ནའང་ཛ་དྲག་ཅིག་ལས་བརྟན་ལྷིང་ཞི་འཇམ་གྱིས་སྐར་ཆ་གཅིག་ལ་ཡང་སྡོད་ས་མེད་པ་རེད་ཅེས་གསུངས་སོང།
བཀའ་ཁྲི་མཆོག་གིས་བོད་ནང་གི་ཛ་དྲག་གནས་བབས་སྐོར་གསུང་དོན། གནས་ཚུལ་དེ་དག་གི་འོག་ནས་བོད་ནང་ལ་བལྟས་པ་ཡིན་ན། དེ་ལས་ལྷག་པའི་ཛ་དྲག་གི་གནས་སྟངས་འོག་བསྡད་ཡོད་པ་དེ། ཚང་མས་མཁྱེན་གསལ་རེད། ༡༩༥༡ ནས་ད་ལྟའི་བར་བོད་མི་རིགས་ཀྱི་གནས་བབས་ག་འདྲ་ཆགས་ཡོད། སྡུག་བསྔལ་ག་འདྲ་ཞིག་མྱངས་ཡོད། ལྷག་པར་དུ་ང་དགུའི་རྗེས་སུ་ཟིང་འཁྲུག་ཞོད་འཇགས་ཀྱི་མིང་ཐོག་ནས་ང་ཚོའི་མི་ག་ཚོད་ཤི་བ་དང༌། ག་ཚོད་མནར་གཅོད་མྱངས་བ། ག་ཚོད་རང་ཤི་བརྒྱབ་པ་རེད། མི་འབོར་ཡོངས་ཀྱི་བརྒྱ་ཆ་ ༢༠ ལྷག་རྩ་མེད་ཕྱིན་པ་རེད། བཟོད་པར་དཀའ་བའི་མནར་གཅོད་འོག་མི་རིགས་ཤིག་དང་རིག་གཞུང་ཞིག ལེགས་བྱང་ཞིག་གི་ཆགས་འཇིག་གི་གནས་བབ་ལ་ཐུག་པ་རེད། ༡༩༧༩ ལོའི་རྗེས་ཕྲན་བུ་གུ་ཡངས་བྱུང་ཡང༌། ༡༩༨༠ ལོའི་ནང་ག་འདྲ་བྱུང་བ་རེད། ལྷག་པར་དུ་སྔར་ལོའི་ཕྱི་ཟླ་ ༣ ནས་བཟུང༌། ད་ལྟའི་བར་བོད་ས་ཁྱོན་ཡོངས་ནས་ཉིན་རེའི་འཚོ་བ་ག་འདྲ་ཞིག་སྐྱེལ་གྱི་ཡོད། འཇིགས་སྐྲག་གང་འདྲ་ཞིག་ཡོང་ཡོད་པ་རེད། ང་ཚོ་རང་དབང་ལུང་པར་སྡོད་མཁན་ཚོས་ཅིག་བྱས་ན་ཚོད་དཔག་བྱེད་ཁག་པོ་ཡིན་གྱི་རེད་བསམ་གྱི་འདུག ད་ལྟའི་ཆར་ཛ་དྲག་གི་གནས་ཚུལ་གསར་པ་ཞིག རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་བོད་ནང་ལྷིང་འཇགས་ཡོང་རྒྱུར་འདོད་པ་མེད་པའི་རྣམ་འགྱུར་ཞིག་ཐོན་ཡོང་གི་ཡོད་པ་རེད། ད་ལྟ་ཟིང་ཆ་ལྷིང་འཇགས་ཐུབ་པའི་གནས་སྟངས་ཤིག་ཡོད་ནའང། ལྷིང་འཇགས་ཆགས་འཇུག་གི་ཡོད་པ་མ་རེད། མཚམས་ཁང་ནང་དུ་སྡོད་མཁན་ཚོ་ཡང་མར་ཁྲིད་ཡོང་ནས། ངོ་ལོག་རྒྱག་མཁན་དང། སྐད་འབོད་རྒྱག་མཁན་ཞིག་མེད་ན་མི་འགྲིག་པའི་སྲིད་བྱུས་ཤིག་བཟུང་བ་དེར་དམིགས་ཡུལ་མང་པོ་ཡོད་པ་རེད། ྋགོང་ས་མཆོག་གིས་བསམ་བཞིན་དུ་ཡིན་ནའང་རེད། མིན་ནའང་རེད། བོད་མི་རིགས་དང་བོད་ཀྱི་ལེགས་བྱང་དེ་བརྡལ་བཤིག་གཏོང་བ་བྱེད་ཀྱི་ཡོད་པ་རེད་ཅེས་གསུངས་པ་བཞིན་རེད། ྋསྐྱབས་མགོན་རིན་པོ་ཆེས་དམྱལ་བ་མི་ཡུལ་དུ་མྱོང་བ་ལྟ་བུ་དང། མི་རིགས་ཤིག་སྲོག་གི་ཉེས་པར་ཕོག་ནས་ཡོད་པ། ལེགས་བྱང་རྩ་མེད་གཏོང་བ་བཅས་གསུངས་པ་དེས་བོད་ནང་གི་ཛ་དྲག་གནས་བབས་མཚོན་ཐུབ་ཀྱི་ཡོད་པ་རེད་ཅེས་གསུངས་སོང།
བཀའ་བློན་ཁྲི་པ་མཆོག་གིས། བཀའ་བློན་ཁྲི་པའི་འགན་ཁུར་ཟེར་བ་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ཞེ་དྲག་གསལ་བོ་ཡོད། ཅེས་བཅའ་ཁྲིམས་དང༌། བཀའ་ཁྲིའི་ལས་དོན་གནང་ཕྱོགས་ཀྱི་སྒྲིག་གཞི་ཁག་བཀླགས་པ་དང། ཁོང་གིས་མུ་མཐུད་གསུང་དོན། ཉེ་ཆར་བཙན་བྱོལ་ནང་གི་གནད་ཡོད་མི་སྣ་ཞིག་དང་བོད་ནས་ཕེབས་པའི་ལྷག་བསམ་ཅན་གྱི་མི་གཉིས་བར་ལ་བཀའ་མོལ་ཞིག་བྱུང་འདུག དེ་ཞུས་པ་ཡིན་ན་བཀའ་བློན་ཁྲི་པའི་འགན་དེ་གསལ་པོ་ཆགས་ཀྱི་རེད་བསམ་གྱི་འདུག བོད་ནས་ཡོང་མཁན་དེས། ༸སྐྱབས་མགོན་རིན་པོ་ཆེ་སྐུ་འཚོ་བཞུགས་ཀྱི་སྐབས་སུ་མ་འདས་སྤྲུལ་སྐུ་ངོས་འཛིན་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་མ་གནང་ན། ༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་དང་བཅོ་ལྔ་པའི་བར་དབུ་ཁྲིད་ཀྱི་སྟོང་ཆ་ལྷག་རྒྱུའི་ཉེན་ཁ་འདུག ཅེས་གསུངས་སྐབས། གནད་ཡོད་མི་སྣ་དེས་༧གོང་ས་མཆོག་གིས་ ༢༠༠༡ ནས་མ་འདས་སྤྲུལ་སྐུ་ངོས་འཛིན་གནང་ཟིན་པ་རེད། གང་རེད་ཟེར་ན། བཀའ་བློན་ཁྲི་པ་མང་ཚོགས་ཀྱི་ནང་ནས་འོས་འདེམས་བྱས་ཏེ་ཡོང་བ་ཡིན་སྟབས། མ་འདས་སྤྲུལ་སྐུ་དང་གཅིག་པ་རེད། ༧རྒྱལ་བ་རིན་པོ་ཆེ་བཞུགས་མིན་ལ་མ་ལྟོས་པར་ཆབ་སྲིད་འགོ་ཁྲིད་ཀྱི་སྟོང་ཆ་མ་ལྷག་པ་བཟོས་ཟིན་ཡོད། ཅེས་ལན་བརྒྱབ་འདུག་པ་ཞིག་ངས་མཐོང་སོང། དེ་ནི་བཀའ་བློན་ཁྲི་པའི་ལས་འགན་ལ་བསྡོམས་ཆེན་པོ་ཞིག་བརྒྱབས་པ་རེད་བསམ་གྱི་འདུག་ཅེས་གསུངས་སོང།
དེའི་རྗེས་ཀྱི་དྲི་བ་དྲིས་ལན་སྐབས། བཀའ་ཁྲི་མཆོག་ཟམ་གདོང་རིན་པོ་ཆེ་བསྐྱར་དུ་བསྐོ་བཞག་ཆེད་བཅའ་ཁྲིམས་ལ་བསྐྱར་བཅོས་ཡོང་མིན་སྐོར་ལ་དགོངས་ཚུལ་གང་ཡོད་དྲིས་པར། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གས། དྲི་བ་དེར་ལན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་བརྒྱབ་ཡོད། ད་ལྟའི་གནས་སྐབས་ལ་བཀའ་བློན་ཁྲི་པ་བསྐྱར་དུ་འདེམས་ཆེད། བཅའ་ཁྲིམས་བསྐྱར་བཅོས་གཏོང་རྒྱུའི་རེ་བ་ཡོད་པ་མ་རེད། གལ་སྲིད་བསྐྱར་བཅོས་བྱས་པ་ཡིན་ན། མང་གཙོའི་ལམ་སྲོལ་དང་མཐུན་པ་ཞིག་ཆགས་ཀྱི་ཡོད་པ་མ་རེད། གང་ཡིན་ཟེར་ན། གང་ཟག་ལ་བལྟས་ཏེ། ཁྲིམས་ལ་འགྱུར་བ་བཏང་བ་རེད། བཅའ་ཁྲིམས་འགྱུར་བ་གཏོང་ན་གང་ཟག་གི་དྲི་བ་མེད་པའི་སྐབས་ཤིག་ལ་གཏོང་དགོས་པ་རེད། ད་ལྟའི་ཆར་ང་ཚོར་མི་ཡག་པོ་མི་འདུག ཅེས་གང་ཟག་ཅིག་ལ་བལྟས་ཏེ། ཁྲིམས་ལ་འགྱུར་བ་བཏང་ན། ང་ཚོ་དུས་རབས་བདུན་པའི་ནང་ཕྱིར་ལོག་བརྒྱབ་པ་རེད། དེ་འགན་མ་འཁུར་བའི་སྐད་ཆ་རེད། མང་ཚོགས་ཀྱིས་མང་གཙོ་ལ་འགན་འཁུར་གྱི་མི་འདུག་ཟེར་བ་ལས་འགན་མ་འཁུར་བ་ཆེ་ཤོས་ཤིག་རེད། ཅེས་གསུངས་སོང༌༎
