གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང།
བགྲོ་གླེང་དབུ་འབྱེད་ྋསྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་གིས་གནང་ཞིང་བགྲོ་གླེང་གོ་སྒྲིག་ཚོགས་གཙོ་ཁྲི་གཡུང་དྲུང་ནས་ངོ་སྤྲོད་གསུང་བཤད་དང༌། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་བྱ་དུར་བསོད་ནམས་བཟང་པོ་མཆོག་གིས་བགྲོ་གླེང་གི་ཟབ་གནད་སྐོར་ལ་གསུང་བཤད། ྋསྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་འདི་ཕྱིའི་ལེགས་ཉེས་ཀྱི་བླང་དོར་བཀའ་སློབ་བསྩལ་གནང་མཛད་པ་དང༌། བགྲོ་གླེང་དངོས་གཞིའི་སྐབས་ཉིན་རེ་བཞིན་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་གྱིས་བོད་ཀྱི་ད་ལྟའི་ཆབ་སྲིད་ཀྱི་གནས་བབ་དང་མ་འོངས་པའི་མངོན་འདོད་སྐོར་དང༌། བཤད་སྒྲུབ་མཁན་པོ་དགེ་བཤེས་གཤེན་བསྟན་རབ་གསལ་ལགས་ཀྱིས་བོན་ཕྲུག་རྣམས་ཀྱི་ད་ལྟའི་འགན་འཁྲི་དང་མ་འོངས་ལངས་ཕྱོགས་སྐོར། བཤད་སྒྲུབ་སློབ་དཔོན་དགེ་བཤེས་ཉི་མ་དོན་གྲུབ་ལགས་ཀྱིས་གཡུང་དྲུང་བོན་གྱི་ལྟ་གྲུབ་དེང་རབས་རིག་པའི་ལམ་ནས་ངོ་སྤྲོད་གནང་སྟངས་སྐོར། ལྷ་གདོང་དགེ་བཤེས་བསོད་ནམས་རྒྱལ་མཚན་ལགས་ཀྱིས་བོན་གྱི་རིག་གཞུང་ལ་དེང་དུས་གཞོན་སྐྱེས་རྣམས་ཀྱིས་ལྟ་སྟངས་སྐོར། བོན་སྒོ་རྩོམ་སྒྲིག་པ་ཆོས་འཁོར་ཚང་དགེ་བཤེས་ཉི་མ་འོད་ཟེར་ལགས་ཀྱིས་བོན་གྱི་ཐུན་མོང་མ་ཡིན་པའི་ཐ་སྙད་ཁག་ཅིག་ངོ་སྤྲོད། ཨཱཅརྱ་བཟང་མོ་གཡང་རིས་ནས་༼བོན་བན་གྱི་བཙུན་མའི་སྡོམ་རྒྱུན་དང་འབྲེལ་བའི་དཔྱད་པ་མེ་ལོང་མ་༽ཡི་ནང་དོན་གནད་བསྡུས་སྐོར་བཅས་ལ་འགྲེལ་བརྗོད་དང༌། དྲི་བ་དྲིས་ལན། གཞན་ཡང་རིག་རྩལ་འགྲན་པའི་གར་སྟེགས་ཞེས་སློབ་ཕྲུག་ནང་ཕན་ཚུན་སྡེ་ཚན་ཁག་བགོས་ཀྱིས་དྲི་བ་དྲིས་ལན་སོགས་བྱས་ཡོད་པ་རེད།
མཇུག་བསྡོམས་མཛད་སྒོའི་སྐབས་ྋསྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་གསུང་བཤད་སློབ་དཔོན་རྣམ་པར་ཐུགས་རྗེ་ལེགས་གསོལ་གྱི་མགུལ་དར་དགྱེས་བསྩལ་དང༌། ཞང་བོད་ཡིག་གཟུགས་ཀྱི་སྒྱུ་རྩལ་དང༌། རྩོམ་རིག་འགྲན་བསྡུར་ཁྲོད་ཨང་ཐོབ་པ་རྣམས་ལ་བྱ་དགའ་ལེགས་སྐྱེས་བསྩལ། ཚོགས་ཞུགས་པ་རྣམས་ནས་དགེ་ཕན་མྱོང་ཚོར་ཇི་བྱུང་དང༌། མ་འོངས་ཡར་རྒྱས་གསར་གཏོད་ཀྱི་ལེགས་ཚོགས་སྐོར་ལ་དགོངས་འཆར་དང༌། དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ་མཆོག་ནས་གསུང་བཤད། ྋསྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་ལམ་སྟོན་བཀའ་སློབ། གོ་སྒྲིག་ཚོགས་གཙོ་ནས་མཇུག་བསྡོམས་གསུང་བཤད་བཅས་བསྩལ་གནང་གིས་མཛད་སྒོ་མཇུག་གྲུབ་ཡོད་པ་རེད། ཐེངས་འདིར་བོན་གཞིས་ཉིན་སློབ་གྱི་འཛིན་གྲྭ་བདུན་པ་ཡན་གྱི་སློབ་མ་དང༌། གཞན་ཡང་ཝཱ་ཎ་མཐོ་སློབ་གཙོས་པའི་མཐོ་སློབ་ཁག་གི་སློབ་མ་བཅས་ཁྱོན་སློབ་མ་༡༣༠ ལྷག་འདུ་འཛོམས་བྱུང་ཡོད་པ་རེད་ཅེས་སྤྱི་འཐུས་ས སྨོན་ལམ་མཐར་ཕྱིན་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་སོང།།