གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད།

    ཟླ་འདིའི་ཚེས་༢༤ ཉིན་ནས་ཉིན་གཉིས་རིང་དྷ་སྟེང་བོད་ཁྱིམ་ཚོགས་ཁང་དུ་ྋགོང་ས་མཆོག་གིས་བོད་པའི་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་ཐེངས་གསུམ་པ་དེ་གནང་ཡོད་པ་དང། དེར་རྒྱ་གར་ནང་གི་མཐོ་རིམ་སློབ་གྲྭ་ཁག་༨༢ ཙམ་གྱི་ནང་ནས་བོད་པའི་སློབ་མ་དང། དེ་བཞིན་བོད་པའི་སློབ་གྲྭ་ཁག་གི་སློབ་མ་སོགས་སུམ་སྟོང་ཙམ་གསུང་ཆོས་ལ་བཅར་ཡོད་པ་རེད།

   སྐབས་དེར་ྋགོང་ས་མཆོག་གིས་བོད་པའི་སྐད་ཡིག་གལ་ཆེན་ཡིན་པ་དང། ཡི་གི་འབྲི་སྐབས་སུམ་རྟགས་ཀྱི་འགྲོ་སྟངས་དང་མཐུན་ཐབས་དགོས་སྐོར་ལ་བཀའ་སློབ་གནང་དོན། ང་རང་ཚོའི་འབྲེལ་སྒྲ་མང་པོ་ཞིག གི་རྐྱང་རྐྱང་གིས་འཐུས་པ་བྱེད་ཀྱི་འདུག བོད་པ་གི་ཟེར་བ་དང། རྒྱ་མི་གི་ཟེར་བ་ཡོང་གི་འདུག བོད་པའི་ཟེར་དུས་འབྲེལ་སྒྲ་སླེབས་པ་དང། གི་སྦྱོར་དགོས་དོན་མི་འདུག སུམ་རྟགས་ཀྱི་འགྲོས་དེ་ང་རང་ཚོས་བརྡལ་བཤིག་གཏོང་གི་ཡོད་པ་ལྟ་བུ་འདུག ཧོབ་སྟེ་བལྟས་དུས་གནད་འགག་མི་འདུག་མོད། སྐད་ཆའི་ཞོར་ལ་ཐ་སྙད་དེ་འདྲ་སླེབས་ཡོང་བ་དེས་ཡི་གེ་ཉམས་འགྲོ་ཡི་ཡོད་པ་རེད། ཡིག་སྐད་རྒྱོབ་ཟེར་དུས་བཀའ་འགྱུར་བསྟན་འགྱུར་ཀློག་གི་ཡོད་པ་ལྟ་བུ་བཤད་དགོས་ཀྱི་མི་འདུག་མོད། སུམ་རྟགས་ཀྱི་འགྲོ་སྟངས་དེ་ཚོ་ཏག་ཏག་ཅིག་བྱུང་ཐུབ་ན། བོད་ཆོལ་ཁ་གསུམ་གྱི་མཁས་པའི་དབང་པོ་ཚོས་བརྩམས་པའི་དཔེ་ཆ་གཅིག་གྱུར་རེད་འདུག དེ་མིན་ཁམས་པས་ཁམས་སྐད་རྒྱག་གི་རེད། ཨ་མདོས་ཨམ་སྐད་རྒྱག་གི་རེད། སྐད་གདངས་འདྲ་མིན་གསུང་གི་རེད། ཡི་གེ་འབྲི་དུས་གཅིག་གྱུར་རེད། ཁ་སང་དེ་རིང་སོ་སོའི་ཁ་སྐད་ཡི་གེའི་ནང་བྲིས་ཡོང་གི་འདུག སྔོན་གྱི་མཁས་པ་ཚོས་དེ་འདྲ་མཛད་མི་འདུག རྗེས་ཀྱི་མཁས་པ་ཚོ་སྔོན་གྱི་མཁས་པ་ཚོ་ལས་ལྷག་ཡོད་ན་གང་ཤེས། ༼བཞད་མོ་བཞད་དེ་༽དེ་ཁག་པོ་རེད། གོང་ཐང་རིན་པོ་ཆེ་ཁོང་ཚོ་ཨ་མདོ་རེད། ཨ་མདོའི་མཁས་པ་ཚོས་བཀའ་མོལ་གནང་དུས་ཨམ་སྐད་རྒྱག་གི་རེད། ཡི་གེ་འབྲི་དུས་ང་ཚོའི་སུམ་རྟགས་ཀྱི་འགྲོ་སྟངས་དང་ཏག་ཏག་བྱས་ཏེ།  བོད་རྒྱ་ཁྱབ་ཡོངས་སུ་རྫོགས་པ་དང། སོག་པོ་ཚུན་ཆད་ནས་ཏག་ཏག་ཀློག་ཐུབ་པ་དང། རྟོགས་ཐུབ་པ་ཞིག་ཡོང་གི་འདུག ང་ཚོས་གཟབ་གཟབ་དགོས་པ་ཞིག་རེད་འདུག ཁ་སྐད་ལྟ་བུ་ལ་དོ་སྣང་མ་བྱས་ནས། ཕལ་སྐད་མ་དག་པ་མང་པོ་བྱུང་ན་ཉམས་ཆག་འགྲོ་ཡི་རེད་ཅེས་བཀའ་སློབ་གནང་ཡོད་པ་རེད།།