བོད་པའི་ཕྲུ་གུས་ཞབས་འདྲེན་ཞུ་ཡི་འདུག་ཟེར་བ་དེ་འདྲ་མ་བྱེད།
ྋགོང་ས་མཆོག་གིས་མུ་མཐུད་གསུང་དོན། བྱམས་བརྩེ་ལྡན་པ་དང་ཆོས་དང་མཐུན་པའི་མི་ཚེ་སྐྱེལ་མཁན་གྱི་ཁྱིམ་ཚང་གཅིག་ནས་བཅུ། བཅུ་ནས་བརྒྱ། བརྒྱ་ནས་སྟོང་བྱུང་བ་ཡིན་ན་སྤྱི་ཚོགས་དེ་ཡང་བྱམས་བརྩེ་ལྡན་པའི་སྤྱི་ཚོགས་ཤིག་ཡོང་ཐུབ་པའི་རེ་བ་ཡོད་པ་རེད། ངས་འཛམ་བུ་གླིང་གི་སྒང་ལ་འདི་ལྟར་བཤད་ཀྱི་ཡོད། བདེ་སྐྱིད་དང་ཞི་བདེ་ཟེར་བ་དེ་གནམ་ནས་འབབ་རྒྱུ་ཡོད་པ་མ་རེད། མི་རང་ཉིད་ཀྱི་བསམ་པ་དང་སྦྱོར་བའི་ཐོག་ནས་ཞི་བདེ་སྒྲུབ་དགོས་ཀྱི་རེད། མིས་སྒྲུབ་ཟེར་དུས་འཛམ་གླིང་རྒྱལ་ཚོགས་དང་གཞུང་སོ་སོས་ཡིག་ཆ་བཞག་ནས་བཟོ་རྒྱུ་ཡོད་མ་རེད། སྔོན་ལ་མི་སྒེར་སོ་སོས་ཞི་བདེ་སྒྲུབ་དགོས་ཀྱི་རེད། སྒེར་སོ་སོས་ཞི་བདེ་ཡོང་བར་བྱེད་པ་དང། བཟང་པོའི་ཡོན་ཏན་ཡོད་ན་ཞི་བདེ་ཡོད་པ་རེད། དེ་ལ་བརྟེན་ནས་ཁྱིམ་ཚང་ནང་ལ་ཞི་བདེ་ཡོད་པ། ལྟོ་གོས་ཡག་པོ་ཡོད་ཀྱང་རུང། མེད་ཀྱང་རུང། གང་ལྟར་ཁྱིམ་ཚང་དེའི་ནང་ལ་བྱམས་བརྩེ་ལྡན་པའི་ཁྱིམ་ཚང་ཞིག་བྱུང་ན། ཕ་མ་སྐྱིད་པ། ཕྲུ་གུ་སྐྱིད་པ། གཉེན་ཉེ་དུ་ཚོ་སྐྱིད་པོ་ཡོང་གི་རེད།
དེ་འདྲའི་ཁྱིམ་ཚང་བཅུ་ཉི་ཤུ་ནས་རྒྱ་ཆེ་རུ་ཕྱིན་པ་ཡིན་ན། དངོས་གནས་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་བཟོ་ཐུབ་ཀྱི་རེད། དེ་ཡང་ཡོན་ཏན་མེད་པའི་བཟང་པོ་རྐྱང་རྐྱང་མ་ཡིན་པར། དེང་དུས་ཀྱི་ཤེས་ཡོན་ཡོད་པ། གནའ་རབས་ཀྱི་ཤེས་ཡོན་ཡོད་པ། མཁས་པའི་ཡོན་ཏན་ཞེས་ཟེར་དུས་དེང་དུས་ཀྱི་ཤེས་ཡོན་དང། བོད་རང་ཉིད་ཀྱི་བོད་ཡིག་གཙོ་བོར་གྱུར་པའི་ཤེས་ཡོན་ཆ་ཚང་ཡོད་པ། བཙུན་པའི་ཡོན་ཏན་ཞེས་ཟེར་དུས་བག་མེད་ཀྱིས་འགྲོ་བ་མ་ཡིན་པར། སོ་སོས་ལས་ཀ་ག་རེ་བྱེད་རྒྱུ་ཡོད་པ་དེ་ཡིད་གཟབ་བྱས་ནས་སྒྲུབ་ཐུབ་མཁན་ཞིག བཟང་པོའི་ཡོན་ཏན་ལབ་དུས་དེ་ཐམས་ཅད་ལ་བསམ་པ་བཟང་པོ་ཞིག་གི་ཐོག་བྱེད་པ། ཞེ་སྡང་དང་ཕྲག་དོག་གིས་ཀུན་ནས་བསླངས་པ་མ་ཡིན་པ། ཕན་པའི་བསམ་པས་ཀུན་ནས་བསླངས་ཏེ་བྱེད་རྒྱུ་བྱུང་ན་མཁས་བཙུན་བཟང་གསུམ་འཛོམས་པ་ཞིག་ཡོང་གི་ཡོད་པ་རེད། མཁས་བཙུན་བཟང་གསུམ་ཟེར་བ་དེ་བླ་མ་དང་སྐྱེས་བུ་དམ་པ་གཅིག་པུའི་ཡོན་ཏན་མ་རེད། ང་ཚོའི་སྤྱི་ཚོགས་དེ་མཁས་བཙུན་བཟང་གསུམ་འཛོམས་པ་བྱེད་ཐུབ་ན། དངོས་གནས་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་སྒྲུབ་ཐུབ་ཀྱི་རེད།
ལྷག་པར་དུ་གཞོན་སྐྱེས་ཚོ་སྤྱི་ཚོགས་གསར་པ་བཟོ་མཁན་གྱི་མི་ཆགས་བསྡད་ཡོད་པ་རེད། ངའི་མི་རབས་ལ་ཆ་བཞག་ན་དུས་རབས་ཉི་ཤུ་པར་གཏོགས་པའི་མི་ཞིག་རེད། དེའི་དུས་ཚོད་ཡོལ་ཚར་བ་རེད། ཁྱེད་རང་ཚོ་དུས་རབས་ཉེར་གཅིག་པར་གཏོགས་པའི་མི་རེད། དུས་རབས་ཉེར་གཅིག་པ་དེ་ལོ་བརྒྱད་དང་ཕྱེད་ཀ་ཙམ་ཕྱིན་ཚར་བ་རེད། ད་དུང་ལོ་དགུ་བཅུ་ལྷག་ཙམ་དེ་ཡོང་རྒྱུ་རེད། ལོ་དགུ་བཅུ་ལྷག་དེ་ག་འདྲ་ཡོང་དང་མི་ཡོང་དེ། དུས་རབས་ཉེར་གཅིག་པར་གཏོགས་པའི་མི་དེ་དག་གི་ཁྱད་པར་ལ་རག་ལས་པ་རེད། མི་རབས་གསར་པ་ཚོས་སྔར་ནང་བཞིན་ཆགས་སྡང་གཡོ་སྒྱུའི་ཐོག་ནས་མི་ཚེ་བསྐྱལ་ན། དུས་རབས་ཉེར་གཅིག་པ་དེ་མི་གསོད་ཁྲག་སྦྱོར་གྱི་ནང་དུ་འགྲོ་རྒྱུ་རེད། ཆོས་དང་སྐྱེ་བ་ཕྱི་མ་ཁས་བླངས་རུང་མ་བླངས་རུང། མི་ཚེ་འདི་ལ་བདེ་སྐྱིད་ལྡན་པའི་མིའི་སྤྱི་ཚོགས་ཤིག་བཟོ་དགོས་བྱུང་ན། སྔོན་ལ་བདེ་སྐྱིད་ཀྱི་རྩ་བ་དེ་རང་རང་སོ་སོའི་རྒྱུད་ལ་སྐྱེ་བ་ཞིག་བྱེད། རྒྱུད་ལ་ཚང་བ་ཞིག་བྱེད། དེ་ལྟར་ག་ལེར་སྤྱི་ཚོགས་ནང་ལ་རྒྱ་སྐྱེད་ཐུབ་པ་ཞིག་བྱེད་དགོས། ལྷག་པར་དུ་ང་ཚོ་བོད་པ་ལ་མཚོན་ན་དམིགས་བསལ་གྱི་ཆ་རྐྱེན་ཞིག་ཡོད་པ་རེད། རྒྱུ་མཚན་ཡག་དག་ལ་བརྟེན་ནས་མཐའ་མེད་པའི་བྱམས་བརྩེ་ནང་ཆོས་ནས་གསུང་གི་ཡོད་པ་རེད། དེ་ཆོས་ལུགས་གཞན་དག་ལ་ཕལ་ཆེར་ཡོད་མ་རེད། དེ་འདྲ་ང་ཚོའི་མི་རབས་ནས་མི་རབས་གོམས་བསྡད་ཡོད་རེད། བཟང་པོའི་ཡོན་ཏན་དེ་ལམ་དང་ལུགས་སྲོལ་གྱི་ཐོག་ནས་གོམས་ཡོད་པ་དེ་རྒྱུ་མཚན་མཐོང་བའི་སྒོ་ནས་བཟང་པོ་ལ་བཟང་པོར་ཤེས། བཟང་པོ་ལ་བཟང་པོར་བལྟས། ཆེད་དུ་གཉེར་ནས་རྩོལ་བ་ལ་བརྟེན་ནས་རྒྱུ་མཚན་ཐུབ་པ་ཞིག་བྱུང་ན། བོད་པ་རང་ཉིད་སྐྱིད་པ་ཡོང་གི་རེད། ང་ལ་རྒྱ་མི་ཁ་ཤས་ཀྱིས་འདི་ལྟར་བརྗོད་སོང། རྒྱ་ནག་ལ་བཟང་པོའི་ཡོན་ཏན་དང། ཡ་རབས་ཀྱི་སྤྱོད་པ་ཟེར་བ་ཡལ་བ་ལྟར་མེད་པ་དང། རྦད་དེ་མ་རབས་ཀྱིས་ཁེངས་བསྡད་འདུག འདི་སེལ་བ་ལ་མ་འོངས་པར་བོད་པས་རྒྱ་ནག་སྐྱོབ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཟེར་གྱི་འདུག སྐད་ཆ་དེ་ཁྱད་མཚར་འདུག ང་ཚོ་བོད་མི་ས་ཡ་དྲུག་རེད། རྒྱ་རིགས་ས་ཡ་ཆིག་སྟོང་ལྷག་ཡོད་རེད། རྒྱ་ནག་ལ་ཡ་རབས་ཀྱི་རྩ་བ་བྱམས་བརྩེས་ཕོངས་བསྡད་ཡོད་རེད། སྔར་རྒྱ་ནག་ཏུ་ནང་ཆོས་ཧ་ཅང་དར་ཁྱབ་བྱུང་བ་རེད། དེང་སང་དོ་སྣང་བྱེད་མཁན་ཇེ་མང་རེད། དེར་བརྟེན་ང་ཚོས་བསམ་བློ་རླབས་ཆེ་ས་ནས་བཏང་བ་ཡིན་ན། ང་ཚོ་ལ་མདུན་ལམ་ཆེན་པོ་ཞེ་དྲག་ཡོད་རེད། དེ་ཁྱེད་རང་ཚོའི་བློ་ལ་ངེས་པ་གྱིས། ཧུར་ཐག་གྱིས། བོད་པའི་ཕྲུ་གུས་ཞབས་འདྲེན་ཞུ་ཡི་འདུག་ཟེར་བ་དེ་འདྲ་མ་བྱེད། བོད་པའི་ཕྲུ་གུས་འཁྲུག་པ་རྒྱག་གི་འདུག ཁ་བསླུ་རྒྱག་གི་འདུག་ཟེར་བ་དེ་འདྲ་མི་ཡོང་བ་བྱེད་དགོས་པ་རེད་ཅེས་གསུངས་སོང།།