ངའི་ཕ་མ་གཉིས་དང་གཞིས་འགོའི་བྱ་སྤྱོད།
སྤྱི་མི་ཁ་ཤས་ཀྱིས་ཕྱུག་པོ་ངོ་འཛིན་བྱས་ནས་ཟླ་བ་བཅུ་ཙམ་ཞིག་ལ་ཡིག་ཆ་ལྐོག་ཉར་གྱིས་ངའི་ཕ་མ་གཉིས་ལ་སྤྲད་མེད་པ་དང་གསལ་བསྒྲགས་ཙམ་ཡང་མ་བྱས་པར་བཞག་པ་རེད། ༢༠༠༦ ལོའི་ཟླ་༥ ཚེས་༤ ལ་བཅད་ཁྲའི་ཡིག་ཆ་གནང་བ་དེ་རུ་ཚེས་༣༠ ནང་ཚུན་དུ་གྱོད་ཡ་ཕན་ཚུན་གཉིས་ཐད་ནས་ཀ་ཀོར་མེད་པར་ལས་དོན་མ་འགྲུབ་ཚེ་ཉེས་ཆད་གཏོང་རྒྱུ་བཅས་ཀྱི་གསལ་ཁ་ཡོད་ན་ཡང༌། དེ་ཡང་ཁོང་ཚོས་དེ་ལྟར་རྩིས་མེད་བཏང་བ་རེད། ངའི་ཕ་མ་གཉིས་ལ་རྒྱབ་དཔུང་མེད་པ་དང་ཐུབ་ཚོད་གཏོང་ཆོག་ཆོག་ཡིན་པ་ཤེས་རྗེས་ཧམ་སྲེད་ཆེ་རུ་བཏང་སྟེ། དེའི་རྗེས་སུ་རིམ་པས་རྒྱ་གར་གྱི་ས་ཆའི་སྟེང་ནས་ལམ་ཁ་སྤྲོད་པ་དེས་འགྲིག་ཀྱི་མི་འདུག ངའི་ཕ་མའི་ས་ཆའི་སྟེང་ནས་ལམ་ཁ་སྤྲོད་དགོས་ལུགས་ཀྱི་དབང་ཡོད་དང་འཇིགས་སྐུལ་བློ་ཡུལ་ལས་བརྒལ་བ་བྱས་འདུག དེ་རྗེས་༢༠༠༨ ལོའི་སྦེལ་ཀོབ་སྐུ་ངོ་དོན་གཅོད་བཀྲ་ཤིས་དབང་འདུས་ཆེད་ཕེབས་ཀྱིས་ངའི་ཕ་མ་གཉིས་ཀྱི་ཞིང་ཁའི་ར་བ་འགོག་དགོས་པ་མི་འདུག རྒྱ་གར་བའི་ས་ཆའི་སྟེང་ནས་ལམ་ཁ་སྟབས་བདེ་བོ་བཟོ་ཆོག་པ་འདུག་ཅེས་གསུངས་ནས་དེ་ལྟར་ལྷག་པ་རེད།
ཡ་མཚར་བ་ཞིག་ལ་ཉེ་ཆར་ས་གནས་འགོ་འཛིན་བརྗེ་ལེན་ལ་ཉེ་སྐབས་༢༠༠༩ ལོའི་ཟླ་བ་༥ ཚེས་༦ ཉིན། སྟག་ལྷ་ཅན་སོགས་ཀྱིས་ངའི་ཕ་མའི་ཞིང་ས་ནས་ར་བ་བཀོག་རྩིས་བྱས་པར་སུས་བཀོག་ཆོག་པའི་བཀའ་ཡོད་པ་དང༌། ངའི་ཕ་མ་གཉིས་ལ་ས་གནས་འགོ་འཛིན་སྔ་མའི་བཀའ་ཡིག་འཁྲུལ་མེད་ཡོད་པའི་གནས་ཚུལ་བཤད་སྐབས་སུ། ས་གནས་འགོ་འཛིན་མཆོག་གིས་ར་བ་བཀོག་ཆོག་པའི་བཀའ་གནང་ཡོད་པར་བཤད་འདུག ངའི་ཕ་མས་ཡིད་མ་ཆེས་པར་ས་གནས་འགོ་འཛིན་ལས་ཁུངས་སུ་ཆེད་བཅར་ཞུས་སྐབས་སུ། སྐུ་ངོ་མེ་སོར་ལ་ཕེབས་སོང་ཟེར་ནས་ཐུག་བཅུག་མི་འདུག དོན་དངོས་མེ་སོར་ལ་སོང་མི་འདུག་ལ་ངའི་ཕ་ལགས་ཀྱི་ཁ་མཆུ་ལ་གཡོལ་བ་ཡིན་འདུག ཕྱི་ཟླ་༥ ཚེས་༨ ཉིན་ལ་ས་གནས་འགོ་འཛིན་རང་ཉིད་གོ་ལ་ཐཱ་ལར་སླེབས་སྐབས་ངའི་ཕ་མས་བོད་གཞུང་དང་ས་གནས་འགོ་འཛིན་སྔ་མས་ཐག་གཅོད་གནང་བའི་ཡིག་ཆ་ཕུལ་ཏེ་སྐྱིད་སྡུག་གནས་ཚུལ་ཞུས་སྐབས་བཀའ་ཡིག་ལ་ཁ་ཡ་ཙམ་ཡང་མ་བྱས་པར་རྡོག་རོལ་བཏང་སྟེ་བཤད་རེས་བྱེད་སྐབས་སུ་རྒྱ་གར་གཞུང་གི་ཁྲིམས་ཁང་ལ་སྐྱེལ་གྱི་ཡིན་ཞེས་ལབ་འདུག ཕ་ལགས་ཀྱིས་སྐྱེལ་རོགས་གནང་ཞུས་པར་དེ་ནས་ཕྱོགས་གཏོགས་ཁག་གཅིག་གིས་སྐུ་ངོ་ཁྲིམས་ལ་མ་གཏུགས་རོགས་དཀའ་ངལ་ཆེན་པོ་ཡོང་གི་རེད་ཅེས་ལབ་པས་དེ་ལ་ཆ་འཇོག་འཛིན་ཁུལ་བྱས་འདུག ད་དུང་ས་གནས་ཀྱི་ཉེན་རྟོག་པ་དང། གཞུང་གི་ལས་ཁུངས་ཚང་མ་ལ་འབྲེལ་བ་བྱས་ཡོད་སོགས་འཇིགས་སྐུལ་ཡང་བྱས་འདུག དེ་ནས་ངའི་ཕ་མའི་ཞིང་ཁར་ཕྱིན་ཏེ་དབང་ཡོད་ཆེན་པོས་གཞིས་གྲོང་གི་སྤྱི་མི་ཚེ་དབང་ཚེ་དར་དང། རྟ་མགྲིན་གཉིས་དང། སྟག་ལྷ་ཅན་སོགས་མི་གྲངས་བཅུ་གཅིག་ཡོང་ནས་ཁ་བསྒྲིགས་དཔུང་བསྒྲིགས་ཀྱིས་རྒན་འཁོགས་གཉིས་ཀྱི་ཞིང་ཁའི་ཨེ་ཀའི་གོང་ནས་ར་བ་གཏོར་བཀོག་གིས་ཞེང་ལ་ཕུ་ཀྲི་ཉི་ཤུ་ཅན་གྱི་ལམ་ཁ་ཞིག་འབྱོར་ལྡན་ཁག་གི་གླང་གོག་ཤིང་རྟ་འདེད་ལམ་དུ་སྤྲད་དེ། ངའི་ཕ་མ་གཉིས་ལ་བཤད་དབང་དང་བྱེད་དབང་མེད་པའི་བརྙས་བཅོས་བྱས་ཡོད་པ་མ་ཟད་ཐ་མར་ཉེས་རྡུང་གཏོང་ཡས་ཀྱི་མཚམས་ལའང་སླེབས་འདུག སྔོན་ཆད་བྱུང་མ་མྱོང་བའི་ཞིང་ཁ་གཏོར་བཀོག་གི་བྱེད་སྟངས་འདིས་ངའི་ཕ་མ་གཉིས་ལ་སེམས་སྡུག་དང་བློ་ཕམ་བྱུང་འདུག་ལ་བོད་ཀྱི་སྤྱི་ཚོགས་འདིའི་ལྐོག་ཟ་རུལ་སུངས་ཀྱི་བྱ་སྤྱོད་ཀྱང་ལྷང་ལ་ཐོན་པ་རེད། ས་ཞིང་དེ་ནི་ཕྱི་ལོ་༡༩༧༤ ལོར་ངའི་ཕ་མ་གཉིས་ལ་ྋགོང་ས་མཆོག་དང་བོད་གཞུང་གིས་གནང་ཞིང༌། སྦེལ་ཀོབ་ས་གནས་སུ་ད་བར་ས་ཞིང་བཙན་འཕྲོག་གིས་བཅད་གཏུབ་བྱེད་པའི་གནས་ཚུལ་དེ་འདྲ་ཞིག་བྱུང་མྱོང་མེད་པ་རེད། ལོ་ངོ་སུམ་ཅུ་བཞི་བཅུའི་རིང་ལམ་ཁ་མེད་པའི་དཀའ་ངལ་མེད་པ་དང། ལམ་ཁ་འོག་དེ་གར་ཡོད་བཞིན་དུ་སྐུ་ངོ་སོགས་ནས་སྔོན་གྱི་ལམ་ཁ་དེ་ལམ་ཁ་རྙིང་པ་རེད་ཅེས་དང༌། ཁྱོད་ཀྱི་ཡིག་ཆ་དེ་ཡིག་ཆ་རྙིང་པ་རེད་ཅེས་སོགས་ཁུངས་མེད་པའི་སྐད་ཆ་མང་པོ་བཤད་དེ་ཤི་ལ་ཉེ་བའི་ངའི་ཕ་མ་གཉིས་ལ་ཐུབ་ཚོད་ཚད་མེ་ད་བཏང་བའི་རྐྱེན་གྱིས་ངའི་ཕ་མ་གཉིས་ཀྱིས་ྋགོང་ས་སྐྱབས་མགོན་ཆེན་པོ་མཁྱེན་ཁྱོད་ལས་རེ་ས་གཞན་དུ་མི་འདུག་ཅེས་མིག་ནས་མཆི་མ་གཏོང་བཞིན་བསྡད་འདུག་ལ། དེའི་ཉིན་ཤས་རྗེས་གཞིས་ཆགས་ལས་ཁུངས་སུ་འབོད་འགུག་གིས་རྒན་འཁོགས་གཉིས་སེམས་གསོ་བྱེད་རྒྱུ་ཡོད་མདོག་གི་ལན་ཞིག་སྤྱི་མི་བརྒྱུད་ནས་བྱུང་འདུག་ཀྱང་ས་ཞིང་འཕྲོག་བཅོམ་དང་བརྙས་བཅོས་དང་ཐུབ་ཚོད་གཏོང་ཚར་ནས་སེམས་གསོ་རྒྱུ་གང་ཡང་ལྷག་མི་འདུག་ཅེས་ཁོང་གཉིས་ཕྱིན་མི་འདུག དེ་རྗེས་༢༠༠༩ ལོའི་ཟླ་བ་༥ ཚེས་༢༥ ཉིན་ལ་སེམས་ཕམ་གྱི་གནས་ཚུལ་དང་ཐག་གཅོད་ལ་བློ་བབ་མེད་པའི་གནས་ཚུལ་ཞིབ་ཕྲ་སྙན་ཞུ་ཐོག་ནས་བྲིས་ཏེ་ཕྱིར་ལན་ཡང། ཡིག་ཐོག་རང་ནས་ཟླ་༦ ཚེས་༡ ཚུན་ཆད་ངེས་པར་དུ་དགོས་ལ་དེ་མེད་ན་གསར་ལམ་ཁག་ལ་བཀྲམ་རྒྱུ་ཡིན་རབས་གསལ་བོར་བཀོད་དེ་ས་གནས་འགོ་འཛིན་གསར་རྙིང་བརྗེ་ལེན་བྱེད་པའི་ཚོགས་ཆེན་ཐོག་ངའི་ཨ་མས་སྤྲོད་སྐབས་སུ་སྐུ་ངོ་བཀྲ་ཤིས་དབང་འདུས་ཁོ་རང་གི་ཕན་ཚུན་གཉིས་ཕན་གྱི་ཐག་གཅོད་བྱས་ཡོད་ཚུལ་ཞིག་ཁ་ནས་གསལ་བཤད་ཅིག་བྱས་པ་ལས་ཕྱིར་ཡིག་ཐོག་ནས་ལན་གང་ཡང་མ་གནང་བས་སྙན་ཞུའི་ནང་འཁོད་པ་བཞིན་དེ་རིང་འདི་གསར་ལམ་ཁག་ལ་ཡོངས་ཁྱབ་ཏུ་བཀྲམ་པ་ཡིན། དེ་འདྲའི་གནས་ཚུལ་བྱུང་བར་གུས་མོའི་ཕ་མ་གཉིས་ཀྱི་ལྟོ་གོས་ལ་གྱོང་ཆེན་པོ་དེ་ཙམ་མེད་ཀྱང། ྋགོང་ས་མཆོག་དང་ཡ་རབས་སྤྱོད་བཟང་ལྡན་པའི་གཞུང་ཞིག་གིས་བསྐོ་གཞག་བྱས་པའི་ས་གནས་འགོ་འཛིན་ཞིག་དང༌། གཞིས་གྲོང་གི་སྤྱི་མི་དང་གྲོང་མི་མང་པོ་ཞིག་ཁ་མཐུན་གྱིས་རྒན་འཁོགས་གཉིས་ལ་བརྙས་བཅོས་གཏོང་བ་དེ་ལ་སེམས་ཕམ་ཡིད་སྡུག་ཆེན་པོ་བྱུང་ལ། ངའི་ཕ་མ་གཉིས་དང་འདྲ་བའི་ཉམ་ཆུང་གཞན་ལ་འང་མ་འོངས་པར་སྐུ་ངོ་ཁག་དང་འབྱོར་ལྡན་ཁག་དཔུང་སྒྲིག་གིས། སྐྱབས་བཅོལ་བའི་གནས་སྟངས་ཐབས་སྐྱོ་བོ་འདིའི་སྟེང་དུ་ནང་ཁུལ་ཐུབ་ཚོད་དང། བརྙེས་བཅོས་མི་ཡོང་བའི་ཆེད་དུ་དེ་རིང་གི་ཡིད་སྐྱོའི་གནས་ཚུལ་འདི་རང་དབང་ཅན་གྱི་གསར་ལམ་ཁག་ཡོངས་ཁྱབ་ཏུ་བཀྲམ་པ་ཡིན།
༢༠༠༩ ལོའི་ཟླ་༦ ཚེས་༧ ཉིན།
གློག་འཕྲིན་ཁ་བྱང༌།
wasertenzin@yahoo.com
dorongtsering@yahoo.ca
ཨ་དར་རིག་འཛིན་ལགས་ཀྱི་ཁ་པར།
00918223253541
གུས་མོའི་ཁ་པར་ཨང༌།
0016478784551
ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཡི་གེ་གཤམ་གསལ་ལྟར་ཡིན།
༄༅། སྦེལ་ཀོབ་གཞིས་གྲོང་ ༥ ཁང་ལན་༨༧ ནང་སྡོད་ཨ་དར་རིག་འཛིན་དང་གྱོད་ཡ་གཞིས་གྲོང་ ༥ ཟུར་སྦྱར་མིང་གཞུང་བཅས་ལ།
ཆེད་དོན། ཁྱེད་རྣམས་ཀྱི་འགྲོ་ལམ་ས་ཆའི་རྩོད་རྙོག་འདི་བཞིན་གསར་པ་མ་ཡིན་པར་ལོ་ཤས་སྔོན་ཕྱི་ལོ་ ༢༠༠༣ ལོ་ནས་བྱུང་བའི་རྩོད་གཞི་ཞིག་རེད་འདུག ད་ཆ་ ༢༠༠༦ ཟླ་ ༤ ཚེས་ ༥ དང་ཚེས་ ༢༧ ཉིན་ཟུར་སྦྱར་མིང་ཅན་འདི་ལས་སུ་ངོ་བཅར་གྱི་བསྐྱར་ཞུ་བྱས་པར་བརྟེན་ ༢༠༠༦། ༤། ༢༧ ཉིན་རྒྱབ་ཆུ་ཚོད་༣།༠༠ ཐོག་གུས་ས་གནས་འགོ་འཛིན་དང་ས་འབྲེལ་ལས་བྱ་རྡོ་རྗེ་ངོས་གཉིས་ཆེད་བསྐྱོད་ཀྱིས་ས་ཆའི་གནས་བབ་ཞིབ་འཇུག་བྱེད་སྐབས་ཨ་དར་རིག་འཛིན་ཁོ་པའི་ཞིང་སའི་ནང་བསྡད་འདུག་པ་དེ་སྐབས་ངོ་ཐུག་གི་གྱོད་ཡ་ཕན་ཚུན་གཉིས་ཐོག་ས་ཆའི་གནས་སྟངས་སྐོར་ཁྲིམས་སྒྲིག་གཞིར་བཟུང་ལམ་སྟོན་སློབ་གསོ་རྣ་ལམ་དུ་འཇུག་ངེས་འགྲེལ་བརྗོད་བྱས་ཡོད། རྩ་བའི་ས་ཆ་ངོ་མ་གྱོད་ཡ་གཉིས་ཀའི་རེད་མི་འདུག འོན་ཀྱང་ཨ་དར་རིག་འཛིན་ནས་བརྗོད་དོན་ཤིང་ནགས་ལས་ཁུངས་ནས་ཁོ་པར་བདག་བཟུང་དགོས་པའི་བཀོད་མངགས་དང་སྦྲགས་མངགས་གཏམ་བྱུང་བ་མ་ཟད་ཤིང་ནགས་ལས་ཁུངས་ནས་འདི་ཐོག་གཞན་ནས་རྩོད་རྙོག་བྱུང་ཚེ་ཐད་ཀར་ཞུ་གཏུགས་དགོས་པའི་ཁོ་པར་ཁ་དཔར་ཨང་གྲངས་བཅས་པ་ཡོད་ལུགས་ཞུས་ཤིང། ཤིང་ནགས་ལས་ཁུངས་ཀྱི་ཡིན་མིན་རྗེས་སོར་ཁྲིམས་སྒྲིག་ས་ཁྲལ་ཞིབ་འཇུག་བྱེད་རྒྱུ།
གང་ལྟར་དུ།
སྤྱི་མཐུན་ལས་ཀྱི་སྐྱེས་པའི་ནོར་འཛིན་ལ།
རང་ཆེའི་འདོད་རྔམ་བྱས་པ་ཤིན་ཏུ་འཁྲུལ།
འོན་ཀྱང་བསྐལ་བས་ཐོབ་པའི་ཆ་ཤས་ལ།
ཆོག་ཤས་དྲང་སྒེར་གཅོད་པ་དྲང་པོའི་ལམ།
ཞེས་གསུངས་པ་བཞིན་ཐོབ་དབང་མེད་པའི་སྤྱི་རྫས་ལ་རྩོད་གཞི་བྱས་པ་ཧ་ཅང་འགལ་འཛོལ་ཆེ་བ་མ་ཟད་སྤྱི་སྒེར་གཉིས་ཐོག་བརྡབ་གསིག་གིས་ལས་མེད་དུས་ཚོད་ཆུད་ཟོས་བཏང་བ་ཨ་ཅང་བརྗོད་མེད་ཐོག་འདི་ག་ལས་ཁུངས་ཀྱི་རྩ་ཆའི་དུས་ཚོད་འཕྲོ་བརླག་གཏང་ན་རྩ་བ་ནས་མི་རུང་ཅིང། དེར་བརྟེན་ཕན་ཚུན་གཉིས་ཐོག་ངག་ལམ་བརྒྱུད་ལམ་སྟོན་སློབ་གསོ་བྱས་པ་ལྟར། ད་ལམ་ ༢༠༠༦ ། ༤ ། ༢༩ ཉིན་ཨ་དར་རིག་འཛིན་འདི་ལས་སུ་ཆེད་འགུགས་ཀྱིས་ས་ཆའི་གནས་བབ་དང། ས་ཆའི་འགན་དབང་བཅས་ཀྱི་སྐོར་འགྲེལ་བཤད་ལམ་སྟོན་བགྱིས་པར་གཞིས་ལས་ཁང་ནས་ཁྲིམས་སྒྲིག་དང་མཐུན་པའི་ལམ་སྟོན་བཀའ་སློབ་ཇི་ཕེབས་ལ་ཁས་ལེན་སྲུང་བརྩི་ཞུ་རྒྱུའི་ཐག་གཅོད་ཟིན་པ་བཞིན། གྱོད་ཡ་ཟུར་སྦྱར་མིང་གཞུང་ཅན་ནས་ཀྱང་ལམ་སྟོན་གཞིར་བཟུང་སྲུང་བརྩི་དྭང་ལེན་དགོས་རྒྱུའི་བྱ་ལམ་བཀོད་པར།
༡ ཨ་དར་རིག་འཛིན་ནས་ད་ཡོད་ར་བ་བསྐོར་བ་རྩ་བཀོག་གིས་ཕྱི་བཤིག་རྒྱབ་སྟེ་ཀྲེག་ཀྲོར་རམ་གླང་ཁོག་འཁོར་འཐེན་འགྲོ་ལམ་ཚད་ལྡན་བཞག་དགོས།
༢ གྱོད་ཡ་(མིང་ཟུར་སྦྱར་)ནས་ར་བ་གསར་བསྐོར་གྱི་མི་འགྲོའི་མཐུན་འགྱུར་ཆ་ཚང་གྲུབ་དགོས།
༣ གྱོད་ཡ་ཕན་ཚུན་གཉིས་ཐོག་ནས་ཀ་ཀོར་གླེང་མེད་ ༢༠༠༦ ཟླ་ ༥ ཚེས་ ༣༠ ནང་ཚུན་ལས་མཇུག་གྲུབ་པ་དགོས་རྒྱུ།
༤ གྱོད་ཡ་ཕན་ཚུན་གཉིས་ཐོག་ནས་ལས་དོན་གཞན་དང་དུས་ཚོད་འཁོམ་མིན་ལ་བསྙད་དེ་གོང་གསལ་དུས་ཐོག་ལས་དོན་མ་གྲུབ་ཚེ་སུ་ཐད་ནས་འགལ་འཛོལ་ལ་གཞིགས་པའི་ཉེས་ཆད་ཡན་པོར་མ་སོང་བ་གཏོང་རྒྱུ་བཅས་ཀྱི་ཐག་གཅོད་ཟིན་ཅིང། གལ་ཏེ་སུ་ཐད་ནས་འདི་གའི་ཐག་གཅོད་ལ་འདོན་བློ་མི་ཁེང་པ་དང། ངོས་ལེན་སྲུང་བརྩི་ཞུ་བློ་མེད་རིགས་གོང་མར་ཞུ་གཏུག་བྱ་འཐུས་ལས་འདི་ལས་སུ་བསྐྱར་ཞུ་རིགས་རྩ་བ་ནས་མི་ཆོག་པའི་བཅད་ཁྲར།
ལུགས་བསམ་ས་གནས་འགོ་འཛིན་ལས་ཁུངས་ནས་ ༢༠༠༦ ཟླ་ ༥ ཚེས་༤ ལ།
ངོ་བཤུས། ནང་སྲིད་ལས་ཁུངས།
