སྡེ་དགེ་འཇོ་མདའ་རྫོང་ཁོངས་སུ་ངོ་རྒོལ།

    སྐབས་དེར་འཇོ་མདའ་རྫོང་གི་ལས་བྱེད་རྣམས་ཀྱིས་གང་མགྱོགས་ཐག་གཅོད་ཚུལ་མཐུན་བྱ་རྒྱུ་ཡིན་ཚུལ་སོགས་ཕར་བཤད་ཚུར་བཤད་མང་པོ་ཞིག་བྱས་མཐར་རེ་ཞིག་ལྷིང་འཇགས་སུ་གྱུར་ཡོད་འདུག་ཀྱང༌། བོད་མི་རྣམས་ཀྱིས་ད་དུང་ཉིན་ཤས་རྗེས་ཁོ་ཚོས་ཐག་གཅོད་ཚད་ལྡན་མ་བྱས་ཚེ་ལས་སླ་པོ་འཇོག་རྒྱུ་མིན་སྐོར་གྱི་གླེང་སློང་བྱེད་བཞིན་ཡོད་འདུག
    ཉེ་སྔོན་རྒྱ་གཞུང་གིས་ས་གནས་དེའི་བོད་མི་རྣམས་ལ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། རྒྱལ་དབང་ཀརྨ་པ། སྐྱབས་ཆེ་དགོན་པ་བཅས་ལ་ངོ་རྒོལ་རྒྱག་དགོས་སྐོར་གྱི་སློབ་གསོ་སྤྲོད་བཞིན་པའི་ཁོངས་སྐྱབས་ཆེ་དགོན་ལ་དགག་པ་རྒྱག་དགོས་དོན་ནི་སྐྱབས་ཆེ་དགོན་དེ་ཉིད་འཇོ་མདའ་རྫོང་ཁོངས་ཀྱི་དགོན་པ་ཆེ་གྲས་ཞིག་ཡིན་འདུག་པས་དགོན་པ་ཆེ་བ་དེ་གནོན་ཐུབ་པ་ཡིན་ཚེ་ཆུང་བ་རྣམས་རང་བཞིན་གྱིས་འཇོམས་འགྲོ་རྒྱུ་ཡིན་པའི་ངན་འཆར་དང༌། ཁ་སྔོན་དགོན་དེར་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོ་སྤྲོད་འཆར་སྐབས་དགོན་དེའི་གཅོད་རྒན་སྤྲུལ་སྐུ་སོགས་བླ་སྤྲུལ་ཆེ་གྲས་རྣམས་ཀྱིས་ྋགོང་ས་མཆོག་ལ་མཚན་སྨད་ཞུ་རྒྱུའི་ས་རྟགས་རྩ་བ་ནས་བརྒྱབ་མེད་པ་དང༌། གྲྭ་མང་སུས་ས་རྟགས་བརྒྱབ་ན་དགོན་པའི་སྒྲིག་ཁོངས་ནས་ཕྱིར་འབུད་གནང་རྒྱུ་ཡིན་ཚུལ་སོགས་གསུངས་པར་བརྟེན། དགོན་དེར་རྒྱ་དམག་སྡོད་བཞིན་པ་དང་དགག་པ་རྒྱག་དགོས་སྐོར་སོགས་བཤད་ཀྱི་ཡོད་འདུག
    གཞན་ཡང་ར་མདོ་ཕྱོགས་ནས་རྒྱ་དམག་གིས་ས་ཞིང་ཉོས་པའི་ཐོག་དམག་སྒར་རྒྱག་བྱེད་ཀྱི་བྱེ་མ་དབོར་འདྲེན་དང་འབྲེལ་བའི་ཐོག་བོད་མི་རྣམས་དང་གདོང་ཐུག་ཕྲན་བུ་བྱུང་སྐབས་རྒྱ་དམག་ཚོས་མེ་མདའ་བོད་མིའི་གདོང་ལ་གཏད་དེ་ཁྱོད་རང་ཚོ་སྡོད་མ་ཚུགས་ན་གསོད་ཆོག་པ་གོང་རིམ་གྱིས་བཀའ་ཡོད་སྐད་སོགས་ཀྱིས་སྡིགས་ར་བསྐུལ་བ་དང༌། ཉེ་ཁུལ་གྱི་བོད་མི་རྣམས་འཇོ་མདའ་རྫོང་ལ་འགྲོ་སྐབས་བརྙད་བརྐོ་འདྲ་མིན་བྱས་ཏེ་ཤིན་ཏུ་དཀའ་ངལ་སྤྲོད་བཞིན་ཡོད་པ་སོགས་དེ་སྔོན་ ༡༩༩༤ དང་ ༡༩༩༥ གཡས་གཡོན་དུ་འཇོ་མདའ་རྗོང་ཕྱོགས་སུ་ཆབ་མདོ་ནས་དམིགས་བསལ་དྲག་ཆས་རྒྱ་དམག་ཡོང་ནས་དྲག་རྡུང་གི་ལས་འགུལ་ཤུགས་ཆེ་ཞིག་བརྩམས་ཡོད་པ་དེ་དང་འདྲ་མཚུངས་སུ་ཆགས་ཡོད་སྐོར་ས་གནས་དེ་གའི་བོད་མི་རྣམས་ཀྱིས་བཤད་ཀྱི་ཡོད་འདུག་ཅིང༌། བོད་མི་དེ་རྣམས་འཇིགས་སྐྲག་དང་བློ་འཚབ་ཅི་ཆེའི་ངང་གནས་བཟོད་མི་བདེ་བར་ཅི་བྱ་གཏོལ་བྲལ་གྱི་གནས་སུ་གྱར་ཡོད་འདུག་ཅེས་སྤྱི་འཐུས་དགེ་བཤིས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་སོང།།