རྒྱ་གར་གྱིས་རྒྱབ་སྐྱོར་གཞན་ལས་ལྷག་བྱེད་དགོས་པ་རེད།

    དེ་ཡང་ཞོགས་པ་ཆུ་ཚོད་༩ པའི་ཐོག་བྷེལ་ཀོབ་ལུགས་བདེ་གཉིས་ཀྱི་ཁྱབ་ཁོངས་ཀྱི་སྐྱ་སེར་ཡོངས་རྫོགས་རྒྱལ་བའི་ཕོ་བྲང་དུ་འདུ་འཛོམས་ཐོག་༸སྐུའི་འཁྲུངས་སྐར་སྲུང་བརྩི་དགའ་སྟོན་བྱས། སྐུ་མགྲོན་གཙོ་བོ་མེ་སོར་རྫོང་གི་བློན་ཆེན་ཟུར་པ་དང་ཀར་ཎ་ཌ་ཀའི་མངའ་སྡེའི་སྤྱི་མཐུན་མཉམ་འབྲེལ་དང་ས་ཁང་དོ་དམ་ཁང་བཅས་ཀྱི་ཚོགས་གཙོ་ལས་ཐོག་པ་སྐུ་ཞབས་G.T.DebeGoda དང་བོད་མི་མང་སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས། བོད་མི་མང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་སོགས་ཕེབས་ཡོད་པ་རེད། ཐོག་མར་བཀའ་སྤྱིའི་གསུང་འཕྲིན་སྒྲོགས་སྦྱང་སོགས་གྲུབ་རྗེས་G.T.DebeGoda མཆོག་གིས་གསུང་དོན། ཁོང་གིས་བོད་མི་རྣམས་ཀྱིས་ད་ལོར་བཙན་བྱོལ་དུ་འབྱོར་ནས་ལོ་ལྔ་བཅུ་འཁོར་བར་དུས་དྲན་བྱེད་ཀྱི་ཡོད་པ་གོ་ཐོས་བྱུང། ང་ཚོས་ཀྱང་དུས་ཡུན་འདིའི་རིང་ལ་བོད་མི་རྣམས་ནི་རྒྱ་གར་གྱི་མི་སེར་དང་གཅིག་པ་ཡིན་བསམ་པའི་འདུ་ཤེས་བཟུང་ཡོད་ལ། བོད་པ་རྣམས་ལ་ཨ་རི་སོགས་འཛམ་གླིང་གི་རྒྱལ་ཁབ་མང་པོས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། ལྷག་པར་ང་ཚོ་རྒྱ་གར་གཞུང་གི་ངོས་ནས་བོད་ལ་རང་དབང་མ་ཐོབ་བར་དུ་བོད་མིའི་ཆབ་སྲིད་དང་དཔལ་འབྱོར། འཕྲོད་བསྟེན། ཤེས་ཡོན་སོགས་ལ་རྒྱབ་སྐྱོར་དང་འགན་ཁུར་གཞན་ལས་ལྷག་པ་ཞིག་དགོས་ཀྱི་རེད་ལ་བྱེད་ཀྱི་ཡིན། ཁྱེད་རང་ཚོ་བོད་པ་ཚོར་དཀའ་ངལ་གང་བྱུང་ནའང་ཐད་གར་ང་ལ་འབྲེལ་བ་བྱོས་དང་ངའི་ངོས་ནས་ཀྱང་གང་ཐུབ་རྒྱབ་སྐྱོར་དང་རོགས་པ་བྱེད་ངེས་ཡིན། ཁྱེད་རང་ཚོ་རྒྱ་གར་ནང་ཡུན་རིང་བསྡད་པ་རེད། རྒྱ་གར་གྱི་ཡུལ་སྲོལ་གོམས་གཤིས་དང་སྐད་ཡིག་སོགས་ཀྱང་སྦྱངས་ནས་ཧྲ་ཐག་ཐག་བྱེད་དགོས་ཀྱི་རེད་ཅེས་གསུང་བཤད་གནང་ཡོད་པ་རེད། དེ་རྗེས་ས་གནས་ལྷ་མོ་ཚོགས་པ་དང་སློབ་གྲྭ་ཁག་སོགས་ནས་མཛད་སྒོའི་རྟེན་འབྲེལ་ལ་གླུ་གར་འཁྲབ་པ་དང། བྷེལ་ཀོབ་གཉའ་ཁྲི་དཔེ་མཛོད་ཁང་གིས་སྤྱི་འཐུས་རྣམ་གཉིས་དང་ཕྱི་རྒྱལ་ཨི་རི་དང་ཨེ་ཌ་ལེ། འཇར་མན་བཅས་ཀྱི་དགེ་འདུན་པ་སོགས་གདན་འདྲེན་གྱིས་༸གོང་ས་མཆོག་གི་མཛད་རྗེས་སྐོར་ལ་བགྲོ་གླེང་བྱས། ཕྱི་དྲོ་བྷེལ་ཀོབ་བདེ་སླར་གཞིས་གྲོང་ཁག་དགུའི་རྐང་རྩེད་སྤོ་ལོ་འགྲན་སྡུར་མཐའ་མ་དེ་བྱས་ནས་ཨང་དང་པོ་གཞིས་གྲོང་བཞི་པ་པདྨ་བཀོད་ལ་ཐོབ་སྟེ་སྤྱི་འཐུས་རྣམ་གཉིས་ཀྱིས་ཐ་མའི་བྱ་དགའ་གནང་སོང། རྩེད་མོ་གོ་སྒྲིག་པས་རྩེད་མོ་དེ་ཡིས་གཞོན་སྐྱེས་ཚོའི་མཐུན་ལམ་དང་ཕན་ཚུན་བསམ་ཤེས། བཟང་སྤྱོད་དང་གུས་བཀུར་སོགས་ལ་འགན་ཁུར་བྱས་ཡོད་པ་དང་། ད་ཐེངས་ཀྱི་རྩེད་མོའི་མགོ་མཇུག་བར་གསུམ་གང་ལ་ཡང་འཁྲུག་འཛིང་དང་གླེང་རྙོག་ཙམ་ཡང་བྱུང་མེད་པ་ནི་རྒྱལ་ཁ་ཨང་དང་པོར་བརྩི་ཡི་ཡོད་ཅེས་འགྲེལ་བརྗོད་གནང་སོང་། དེ་བཞིན་ཧུང་སོར་དང་ཀོ་ལེ་གྷལ་ས་གནས་བོད་མི་རྣམས་ཀྱིས་ཀྱང་ཉིན་མོ་འདིར་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་རྒྱ་ཆེ་བྱས་ཡོད་པ་རེད། །
མེ་སོར་གསར་འགོད་པས།