རྒྱ་ནག་ཡུན་ནན་དུ་ཚད་རིམ་༦.༠ ཅན་གྱི་ས་ཡོམ་བརྒྱབ་པ།
རྒྱ་ནག་གི་གསར་ལམ་ཁག་ནས་དེ་རིང་སྔ་དྲོ་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ཚེས་༩ མཚན་མོ་ཆུ་ཚོད་༡༡ སྐར་མ་༤༠ ཐོག་རྒྱ་ནག་ཡུན་ཡན་ཞིང་ཆེན་གྱི་ཁོངས་གཏོགས་རྫོང་ཁག་༩ ནང་ས་ཡོམ་ཚད་རིམ་༦.༠ བརྒྱབ་ནས་མི་གཅིག་ཤི་བ་དང། མི༣༢༠ ལ་རྨས་ཕོག་ཡོད་ཚུལ་འདུག ཡུན་ནན་ཞིང་ཆེན་དམངས་སྲིད་ཐིང་ཟེར་བས་ཐོག་མར་སྡོམ་རྩིས་བྱས་པ་ལྟར་ན། ཁང་པ་༣༤༠༠ རྡིབ་སྐྱོན་བྱུང་ཡོད་པ་དང། ཡུན་ནན་ཞིང་ཆེན་གྱི་རྫོང་༩ ཡི་ཕལ་ཆེར་མི་ཁྲི༧༠ ལ་ཉེ་བ་ཞིག་ལ་ས་ཡོམ་གྱིས་གནོད་སྐྱོན་བཟོས་ཡོད་འདུག་པ་དང། ཡུན་ནན་གྱི་ཁོངས་སུ་ཡོད་པའི་བོད་རིགས་ཀྱི་རྫོང་ཁག་རྣམས་གནོད་སྐྱོན་ཕོག་ཡུལ་གྱི་ཁོངས་སུ་ཡོད་མེད་ད་ཆ་གསར་ལམ་ཁག་ཏུ་གསལ་གང་ཡང་བཀོད་མེད་པ་རེད།
