རེས་གཟའི་སྐོར།
རྒྱལ་བའི་མདོ་རྒྱུད་རྣམས་སུ་ནི་ཨང་ཡིག་གཅིག་ལ་གཟའ་ཉི་མ་དང་ཟླ་བའི་ངོས་འཛིན་དངོས་སུ་གསུངས་ཡོད་ཚོད་མི་འདུག་ཅིང༌། རིགས་ལྡན་པད་དཀར་དང་རྒྱ་གར་གྱི་སློབ་དཔོན་ཨ་བྷ་ཡས་ཨང་ཡིག་གཅིག་ལ་གཟའ་ཉི་མ་ཞེས་དངོས་སུ་གསུངས་པ་ཡོད་ཀྱང༌། བོད་སྔ་མའི་མཁས་པ་ཤོང་དཔང་བུ་དོལ་བུ་སྟོན་སོགས་ཀྱིས་ཨང་ཡིག་གཅིག་ལ་གཟའ་ཉི་མ་ཡིན་པར་བདེན་ཀྱང༌། ད་ལྟར་སྤྱོད་མཁན་ཡིན་པར་མི་འགྲུབ་སྟེ། ཆུ་ཚོད་དྲུག་ཅུ་ཁ་གང་ནས་གཟའ་གནས་སུ་སོང་བའི་ཨང་ཡིག་གཅིག་དེ་རི་མོ་སྤྱིའི་འགྲོ་ལུགས་ལྟར་འདས་པ་ཡིན་པས། ད་ལྟ་རྒྱུ་བཞིན་པའི་ཆུ་ཚོད་དེ་ཨང་གཉིས་པའི་ལོངས་སྤྱོད་ཡིན་པའི་ཕྱིར་ད་ལྟརསྤྱོད་མཁན་རེས་གཟའ་ཟླ་བ་ཡིན་ཅེས་པ་སོགས་སྒྲུབ་བྱེད་མཐའ་ཡས་ཀྱང༌། ཕྱིས་ཕུག་པ་ཡབ་སྲས་ཀྱིས་དེ་ལ་མགོ་མཚུངས་ཙམ་གྱི་རིགས་པས་དགག་པ་མཛད་དེ་རང་ལུགས་རྒྱུད་འགྲེལ་དངོས་བསྟན་ལྟར་རེས་གཟའ་ད་ལྟ་བའི་རྩི་ལུགས་བསྒྲུབས་པ་བཞིན་བརྒྱུད་འཛིན་གྱི་མཁས་པ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་་སོགས་ཀྱིས་ཁྱབ་བསྒྲགས་མཛད་པར་མངོན་ནོ། རང་རེའི་འབྲུག་རྒྱལ་ཁབ་འདིར་ནི་ཀུན་མཁྱེན་ཆེན་པོས་རྒྱུད་འགྲེལ་གསང་བ་བཤད་མཛོད་དུ། སླར་ཡང་མདོར་བསྡུས་པའི་མན་ངག་གི་སྒོ་ནས་རེས་གཟའ་འདས་པའི་རྩི་ལུགས་བསྒྲུབས་གནང་བ་ལྟར། རྗེ་དེའི་དངོས་སློབ་ལྗོངས་འདིའི་འདྲེན་མཆོག་མཁས་གྲུབ་ལྷ་དབང་བློ་གྲོས་ཀྱི་ བཀྲིན་ལ་བརྟེན་ད་ལྟའི་བར་ཆོས་རྗེ་ཡབ་སྲས་ཀྱི་ཕྱག་བཞེས་ཉམས་མེད་དུ་དར་ཞིང་ བཞུགས་ཡོད།
ཨོ་རྒྱན་དཔལ་འབྱོར།
འབྲུག་ཡུལ་ནས།