བདེན་པའི་སྙིང་སྟོབས་ཕྱིར་དྲན།

གཉིས།

ཚེ་སྲོག་གིས་ལེགས་སྐྱེས་དང་སྙིང་ཁྲག་གིས་ལམ་སྣེ་འདྲེན་ཞིང༌།གཉའ་གནོན་ལ་ཕར་རྒོལ་གྱི་མདུང་རྩེ་གཏད་པའི་ཕོ་རྒོད་ཚོའི་རྣམ་ཤེས་འཁོར་སྟངས་ཀྱི་འོད་སྣང་ལ་ཁ་ཕྱོགས་དགོས་ནའང༌། དྲང་བདེན་ལ་དཔུང་རོགས་དབེན་པས་ཛ་དྲག་གཡོ་འཕྲུལ་སྨག་རུམ་ངར་མོའི་ཤུལ་རྗེས་ནག་པོ་ཞིག་ཏུ་མཐོང་ན། འབྱུང་འགྱུར་རིང་མོའི་ནང་ཤི་མ་གསོན་གྱི་འཁོར་ཕྱོགས་ལ་སྒྱུར་བཅོས་ཡོང་རེའི་སྟོང་བསམ་ཡུལ་དུ་འཁྱམ་དུས། ང་ཚོའི་བསམ་གཞིགས་ཀྱི་གཟུགས་ཕུང་དམར་རྗེན་དུ་ཕུད་ནས། མ་འོངས་འཚོལ་སྙེགས་ལ་བྲེལ་བའི་གསར་སྐྱེས་ཚོའི་སྙིང་དབུས་སུ་ཁྱེད་ཅག་རྣམས། རྡོ་ཀ་མ་རུ་པ་ལས་གྲུབ་པའི་བརྗིད་ཆགས་ཀྱི་སྐུ་བརྙན་རེ་སྐྲུན་འདོད་པ་ནི། སྐྱོ་ངལ་གྱིས་རྒྱུན་རིང་མནར་བའི་རིགས་མཐུན་ཚོའི་སེམས་ཁམས་ཀྱི་འཕར་སྟངས་གསོན་པོ་ཡིན།

གསུམ།

མི་རིགས་ཀྱི་ལ་རྒྱ་བོར་ལ་ཉེ་བའི་སྙིགས་མའི་དུས་འདིར་དྲག་པོའི་གཡུལ་སར་འགྲིམ་ཕོད་པའི་སྙིང་སྟོབས་ལ་གོད་ཆག་འབྱུང་བཞིན། བདེན་པའི་ཕུག་འདུན་གྱི་རང་མདངས་ལ་མཚོན་རྩི་བྱུག་དགོས་པ་ནི་ཁ་བ་རི་པའི་རྒྱུན་རིང་མྱོང་བཞིན་པའི་སྙིང་ཁོངས་ཀྱི་རྨ་ཁ་ཟབ་མོ་ཞིག་རེད། དུས་རབས་ཕྱེད་ལྷག་མུན་ཁྲོད་ཀྱི་དཀའ་སྤྱད་དང་སྡུག་རུས་ཀྱི་ཕམ་ཁ་མྱོང་ཡང༌། བདེན་པ་ལ་ཡིད་ཐང་ཆད་མྱོང་མེད་པ་ནི་གངས་ཅན་པའི་སྙིང་སྟོབས་ངོ་མ་ཡིན། དམིགས་བསལ་སྐྱ་ཆད་སྔོ་སྡུག་ཛ་དྲག་གི་དུས་འདིར་ཚེ་སྲོག་དཔང་དུ་བཙུགས་ཤིང་ཞུམ་མེད་ཀྱི་སྙིང་སྟོབས་ལ་དྲན་གསོ་དགོས་པ་དེ་སྣང་མེད་དུ་བསྐྱུར་ལ་ཉེ་བས།ངས་ཁྱེད་ཅག་ལ་མཆོད་བསྟོད་ཀྱི་དབྱངས་རྟ་རིང་དུ་གྱེར་ཏེ་དཔའ་བོ་ཚོའི་སེམས་ངལ་ཞི་བའི་དག་སེལ་གྱི་གཙང་འཁྲུས་ལ་ཞུགས་པའི་ལེགས་སྐྱེས་སུ་འབུལ་སྙིང་འདོད།

བཞི།

པུས་མོ་སྐྱ་རིལ་སྤང་ཁར་རུམ་བཞིན་སྟོང་བསམ་གྱི་ལག་གཉིས་གང་སར་སྦ་སྙོབས་རྒྱབ་ནས་རེ་སྒུག་གི་མནར་གཅོད་མྱོང་དགོས་པ་ནི་ཡུལ་གྱལ་བའི་སྤྱི་མཚུངས་ཀྱི་སྡུག་ཚོར་སྐྱུར་མོ་ཡིན་མོད། བདེན་པར་རེ་སྨོན་འཆང་གིན།བསུན་བཙིར་དང་སྡུག་གྱོང་གི་དྲག་ཆར་རེ་ཕབ་ཀྱང་རིགས་མཐུན་ཚོའི་སྙིང་ཁོངས་ཀྱི་རྨོངས་གཉིད་གཏུག་པོ་སེལ་མ་ཐུབ་ལ། མུན་ནག་གི་འཇིག་རྟེན་དེ་བས་གསལ་ཐབས་ག་ལ་ཡོད། རིགས་མཐུན་ཚོའི་བདེན་དོན་ལེགས་གྲུབ་ཆེད་དུ་འགྱུར་མེད་སྲ་བརྟན་གྱི་རང་གཤིས་བསྒྱུར་ཏེ་ཆུ་སྣའི་ངང་ཚུལ་གྱི་ངན་སྤྱོད་དར་སྲོལ་ཆགས་དུས་བློ་གྲོས་ཀྱིས་གདོང་གྲོགས་མཛོད། ཕོ་རྒོད་ཁྱུ་མཆོག་ཁྲག་དྲོན་གྱིས་བྲིས་པའི་དཔའ་ངར་དང་སྙིང་སྟོབས་ལ་གདོང་གྲོགས་མཛོད།

 

དུས་རབས་ཉེར་གཅིག་པ་འདི་ཞི་བདེའི་འཇིག་རྟེན་ཡིན་ན། རྡུལ་མཚོན་གྱི་དྲག་འགུལ་རྒྱ་བསྐྱེད་འགྲོ་དོན་ཅི། དུས་རབས་ཉེར་གཅིག་པ་འདི་རང་དབང་གི་འཇིག་རྟེན་ཡིན་ན། ཉམ་ཆུང་ཚོས་སྔར་བཞིན་གཉའ་གནོན་མྱོང་དོན་ཅི། འཇིག་རྟེན་གྱི་བདེན་པའི་ངོ་གདོང་མ་གསལ་བར།གཡོ་སྒྱུ་དང་རྫུན་འཕྲུལ་གྱི་ཁ་གཏད་ལང་དགོས་པ་ནི། རྒྱལ་གཅེས་དཔའ་རྒོད་ཁྱུ་མཆོག་རྣམས་ཀྱིས་རིགས་མཐུན་ཚོར་སྤོབས་པ་མཐོན་པོས་བཞག་པའི་རླབས་ཆེན་གྱི་མཛད་པ་ཡིན་ལ།བློ་གྲོས་ཀྱི་རྩ་ལག་ཀུན་ནས་བཀྲམ་ཞིང༌།རྒྱལ་གཅེས་ཀྱི་ཡལ་ག་ཕྱོགས་བརྒྱར་རྒྱས་དགོས་པའི་སྔོན་བརྡ་གནང་བ་ནི། ང་ཚོར་མེས་པོ་དང་དུས་རབས་ཀྱིས་བཞག་པའི་བསླབ་བྱ་གཙང་མ་ཡིན།

 

ཆུ་སྒང་བསྟན་སྲུང་དྭངས་བླངས་དམག་གི་གཡུལ་འགྱེད་དེབ་ཕྲེང་དང་པོ་

བཀླགས་པའི་རྗེས་ཤུལ་དུ་བྲིས་པ་དགེའོ། །

ཕྱི་ལོ་༢༠༠༧། ༠༢། ༢༤ ཉིན་ནོར་གླིང་རང་ཤག་ཏུ་བྲིས་སོ། །