རྩོམ་པ་པོ་དང་རྩོམ་ཆོས་ཀྱི་ངོ་སྤྲོད་མདོར་བསྡུས།
མདོ་ཁམས་ཧོར་ཐང་ཆེན་མོའི་ཚེ་སྲོག རྩོམ་པ་པོ་བྲག་སྨོན་ཡ་མ་རཱ་ཛ། མཚན་དངོས་བྲག་འགོ་དགེ་བཤེས་ཡེ་ཤེས་འོད་ཟེར་ནི། བོད་ཕྱི་ནང་གི་མི་སྣ་མི་ཉུང་བ་ཞིག་གིས་ངོ་ཤེས་ངེས་ལ། གལ་ཏེ་ངོ་མི་ཤེས་པ་ཆ་བཞག་ནའང་མ་མཐའ་ཡང་མིང་འདི་གོ་མྱོང་སྲིད།
ཁོང་གིས་དེ་སྔོན་དེབ་གཉིས་བྲིས་ཟིན་པའི་སྒང་ལ། རང་ཉིད་ཀྱི་ལོ་རྒྱུས་ངོ་སྤྲོད་མདོ་བསྡུས་རེ་ཡོད་པ་དེ་གས་མ་འཐུས་པ་མེད་མོད། འོན་ཀྱང་དེབ་སྔ་མ་གཉིས་བཀླགས་མྱོང་མེད་མཁན་དང༌། གལ་ཏེ་ཀློག་མྱོང་ནའང་ངེས་ཤེས་གསལ་པོ་མེད་པ་ཚོའི་ཆེད་དུ། དེབ་འདིའི་མགོར་ཡང་རྩོམ་པ་པོའི་ངོ་སྤྲོད་རགས་བསྡུས་ཤིག་གླེང་འདོད་བྱུང༌།
ཁོང་ནི་ཕྱི་ལོ་ ༡༩༧༠ ལོར་ཡབ་ལེགས་དགའ་དང་ཡུམ་སེམས་འཛིན་གཉིས་ཀྱི་སྲས་སུ། ཁམས་དཀར་མཛེས་ཁུལ་བྲག་འགོ་ནོར་པ་གྲོང་དུ་འཁྲུངས། ཆུང་དུས་གཞི་རིམ་སློབ་གྲྭར་འགྲིམས། ན་སོན་པ་དང་རྒྱ་གར་འཕགས་ཡུལ་དུ་འབྱོར་ནས་ྋགོང་ས་མཆོག་གི་ཞལ་རས་མཇལ་ཞིང་གསུང་གི་བདུད་རྩི་མྱོང་བའི་སྐལ་བཟང་ཐོབ། ལྷོ་ཕྱོགས་གདན་ས་འབྲས་སྤུངས་སུ་ཆོས་ཞུགས་ཐོག འཛམ་གླིང་མཛེས་པའི་རྒྱན་གཅིག དགེ་བའི་གཤེས་གཉེན་ཆེན་པོ་དཔལ་ལྡན་གྲགས་པའི་ཞལ་རྡུལ་སྤྱི་བོར་བླངས་ནས། གཞུང་ཆེན་ཁག་ལ་སློབ་གཉེར་གཏིང་ཟབ་གནང༌། ཞར་ལ་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་སློབ་གྲྭའི་དགེ་རྒན་ཡང་གནང༌། ཕྱི་ལོ་ ༢༠༠༢ ནས་བཟུང་བལ་བོད་གཉིས་དང༌། རྒྱ་གར། ནུབ་ཕྱོགས་འཇའ་མན་དང༌། ཧྥ་རན་སུ། ཨ་རབ་སོགས་སུ་བསྐྱོད་དེ་བོད་ཀྱི་ཆོས་རིག་གི་འགྲོ་དོན་སྤེལ། མི་རིགས་འདྲ་མིན་གྱི་སློབ་མ་ཤིན་ཏུ་མང་པོ་བསྐྱངས། ཕྱི་ལོ་ ༢༠༠༧ ལོར་རྒྱ་གར་དུ་ཡོངས་ནས་གདན་ས་འབྲས་སྤུངས་སུ། གཞུང་ལུགས་རབ་འབྱམས་སྨྲ་བའི་དགེ་བཤེས་དམ་བཅའ་བཞག སླར་ཡང་བོད་མདོ་དབུས་སྐོར་གསུམ་དང༌། རྒྱ་ནག་པེ་ཅིན། ལན་ཀྲུའུ། ཁྲང་ཨན། ཧྲང་ཧད། སི་ཁྲོན་སོགས་གྲོང་ཁྱེར་ཆེན་རིགས་ཡོངས་སུ་བསྐོར་ནས། བོད་རྒྱའི་འཚོ་བ་དངོས་ཀྱི་བཞིན་རས་ལ་རྟོག་ཞིབ་ནན་པོ་བྱས། ད་ལྟར་འཇའ་མན་དུ་འཆད་རྩོད་རྩོམ་པའི་བྱ་བ་སྐྱོང་བཞིན་འཆིས། ཁོང་གི་རྩོམ་ཆོས་ཐད། ཡ་མ་རཱ་ཛཱའི་དེབ་ཕྲེང་གསུམ་པ། མདོ་ཁམས་ཧོར་ཐང་ཆེན་མོའི་ཚེ་སྲོག་ཅེས་པ་འདི་ནི། ཐོག་མར་སྐྱེ་འགྲོ་གང་དང་གང་བྱུང་མིན་གྱི་སྐོར་ནས། རིམ་པར་བཞིན་འགྲོ་བ་མིའི་བྱུང་རིམ་དང༌། སངས་རྒྱས་བསྟན་པ་དར་ཚུལ། བྱེ་བྲག་ཏྲེ་བོ་ཇི་ལྟར་བྱུང་རབས་དང༌། དེའི་ནང་གསེས་ཏྲེ་བྲག་འགོའི་སྣོད་གཅུད་ཆ་ལག་དང༌། ཡུལ་དགོན་སྡེ་གསུམ་གྱི་བྱུང་གནས་འཕེལ་གསུམ་བཅས་ཀྱིས་གཞི་རྐང་བྱས་ནས། དེའི་ཟུར་རྒྱན་ལྟ་བུར་སྐད་ཡིག་གི་རིམ་ཐང་དང༌། སྤྱི་ཚོགས་འཕྲོད་བསྟེན། མི་རིགས་ཀྱི་ལ་རྒྱ། ཚོར་པའི་སྙན་ཚིག་འགའ་ཞིག་ཀྱང་བྲིས་འདུག རྩོམ་ཚན་བཅུ་ལྷག་འདུས་པའི་དེབ་ཕྲེང་འདིའི་ནང་། གནའ་རབས་ཀྱི་བཤད་པ་ཁོ་ནར་མགོ་ལ་འཐོམ་པར། ཚན་རིག་གི་བདེན་དོན་འཚོལ་བའི་འགྲེལ་བརྗོད་ལའང་བདེན་པའི་རིན་ཐང་སྤྲོད་ནས་འགྲོ་བ་མིའི་བྱུང་རིམ་གྱི་སྙིང་དོན་གསལ་པ། བོད་ཀྱི་རིགས་རུས་ཀྱི་སྐོར་ལ་ཕའི་རིགས་དང་མའི་རུས། མིའུ་གདུང་དྲུག་དང་རུས་ཆེན་བཞིའི་བྱུང་རིམ་བོད་ཀྱི་ལོ་རྒྱུས་ལ་མཚོན་ན། ཆུ་མགོ་གངས་དང་ཆོས་མགོ་སངས་རྒྱས་ཀྱི་དཔེ་བཞིན། མི་རིགས་ཤིག་མགོ་འཛུགས་བྱེད་ས་དེ་ཡིན་པས། ལོ་རྒྱུས་ཀྱི་ཕུག་རྒྱངས་འཚོལ་བར་མེད་ཐབས་མེད་པ་ལྟར། འདི་ཡང་དེ་དག་གི་སྙིང་དོན་རེ་བསྟན་འདུག བྱེ་བྲག་ཏྲེ་བོའི་སྐོར་ལའང་དེ་སྔོན་ས་ཁུལ་རང་ནས་བྲིས་པའི་ལོ་རྒྱུས་མཐོང་དཀོན་ཞིང༌། གལ་ཏེ་རེ་གཉིས་རེ་ཡོད་པ་ཆ་བཞག་ནའང༌། ལོ་རྒྱུས་ཀྱི་བྱུང་རིམ་གསལ་བའི་སྔོན་གྱི་ཡིག་རྒན་གང་ཡང་མ་མཐོང་བར། ཟེར་སྒྲོས་ཐོ་འགོད་བྱས་པ་ཙམ་རེར་རྒྱབ་བཅོལ་ནས། བྲིས་པ་དེ་རིགས་དང་མི་འདྲ་བར། འབྲུ་ནས་ཆད་པའི་ཏྲེ་རྗེ་སེ་བོའི་སྐབས་དང༌། དབྲ་དང་ཧོར་གྱིས་དབང་བསྒྱུར་བྱས་པའི་རྒྱུད་རིམ་སྙིང་བསྡུས་རེ་ཡང་འཁོད་འདུག་པ་དེ་དག་ཀྱང༌། ས་ཁུལ་རྟོག་ཞིབ་པ་ཚོས་ཞིབ་འཇུག་གི་དཔྱད་གཞིར་རུང་བར་སེམས། བྲག་འགོ་ཡུལ་དགོན་སྡེ་གསུམ་གྱི་ལོ་རྒྱུས་སྤྱི་སྡོམ་དང༌། བྱེ་བྲག་མཁས་གྲུབ་སྐྱེས་ཆེན་ཁག་གཅིག་གི་རྣམ་ཐར་སྙིང་བསྡུས་རེ་བཀོད་པ་དེ་དག་ཀྱང༌། སྐྱེས་པའི་མི་ལ་རྒྱུད་པའི་ཁུངས་དགོས། སྒྲུབ་པའི་ཆོས་ལ་འགྲུབ་པའི་མཐའ་དགོས་ཅེས་པ་ལྟར་ཨ་མྱེས་ཡང་མྱེས་ཀྱི་བྱུང་རིམ་ཤེས་པ་དང༌། སྔོན་བྱོན་དམ་པའི་རྣམ་ཐར། རྗེས་འཇུག་གདུལ་བྱའི་ཉམས་ལེན་གང་ཐད་ནས། གལ་ཆེའི་རང་བཞིན་ལྡན་པ་མཐོང༌། ད་དུང་ཕམ་ཁ་ཆེན་པོ་གསུམ་དང༌། རང་དབང་འཐབ་རྩོད་ཀྱི་ལོ་རྒྱུས་དམར་པོའི་ལེ་ཚན་དག་ནི། ཉེ་རབས་ཀྱི་བཙན་འཛུལ་དང་རྡུང་བརྡེགས་འོག བོད་རིགས་མི་དམངས་སྤྱི་དང་། བྱེ་བྲག་བྲག་འགོ་ཁུལ་གྱི་རང་འགུལ་དང་བླངས་དཔའ་བོ་ཚོས། ཚེ་སྲོག་དང་ཟུངས་ཁྲག་ལ་ཇི་མི་སྙམ་པའི་བློས་བཏང་ཆེན་པོས། དགྲ་བོ་ལ་དམར་འཛིངས་དྲག་པོའི་ཁྲག་རྒྱུན་གྱི་རི་མོ་ཇི་ཞིག་འབྲི་མྱོང་བའི་ལོ་རྒྱུས་ཀྱི་སྤྱི་ཁོག་མཛུབ་མོས་རི་སྟོན་ཙམ་རེ་གནང་འདུག་པའང༌། དགྲ་གཉེན་གྱི་དབྱེ་མཚམས་ནས་ཤི་གསོད་ཀྱི་གཡུལ་འཁྲུག་དང༌། དགའ་སྡུག་གི་འཕོ་འགྱུར་ཇི་ཞིག་བྱུང་མྱོང་བའང་གསལ་པོ་བྱས་འདུག དེས་ན་ཁོང་གི་རྩོམ་ཆོས་དེབ་ཕྲེང་གསུམ་པ་མདོ་ཁམས་ཧོར་ཐང་ཆེན་པོ་འདི་ཉིད། མི་རིགས་ཤིག་གི་ལོ་རྒྱུས་དང་འབྲེལ་བའི་ཚེ་སྲོག་ལ། ཟུངས་ཁྲག་གི་རྒྱུ་བ་སྣོན་མ་བཏབ་པ་ཞིག་ཡིན་པས། རྒྱ་ཆེར་ཀློག་པ་པོ་ཚོས་དགའ་བསུ་ཆེན་པོའི་སྒོ་ནས་ཞིབ་གཟིགས་གནང་འོས་པ་ཞིག་རེད་སྙམ།
མཐའ་དོན་རྩོམ་པ་པོ་ལ་ཡིད་རངས་བསྔགས་བརྗོད་དང་། བོད་རིག་པའི་ཡང་དག་པའི་སྲོལ་རྒྱུན་གྱི་འཕེལ་རླབས། རི་བོའི་དཔངས་དང་རྒྱ་མཚོའི་གཏིང་ལྟར་མཐོ་ཞིང་བརླིང་ལ ཟབ་ཅིང་ཡང་བའི་རང་བཞིན་ནམ་ཡང་མི་འདོར་བ་དབྱར་གྱི་མཚོ་དང་། བསྟན་གྱི་ཟླ་བ་ལྟར་འཕེལ་ཞིང་རྒྱས་པའི་སྨོན་འདུན་ཞུ།
ན་ཆུང་བུ་མོའི་ཡིད་འོངས་མཛེས་པའི་བཞིན།།
དྭང་གསལ་ཤེལ་གྱི་ངོས་སུ་གསལ་མོད་ཀྱང༌།།
དཔྱོད་ལྡན་མཁས་པའི་མཁྱེན་རབ་བློ་ཡི་རྩལ།།
གསལ་བྱེད་མེ་ལོང་ལེགས་བཤད་ཉིད་དུ་ངེས།།
བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ་བས་གུས་འདུད་བཅས་དྷ་ས་གངས་སྐྱིད་ནས་ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༡༡ བྲིས།། །།