ཨི་ཊ་ལའི་ནང་ཡོད་པའི་བོད་མི་ཚོས་ཧུའུ་ཅིན་ཐའོ་ལ་ངོ་རྒོལ།
དེ་ཡང་ཨི་ཊ་ལའི་ནང་ཡོད་པའི་བོད་མིའི་ཚོགས་པ་དང་ཨི་ཊ་ལའི་བོད་ཀྱི་ལྷན་ཚོགས་གཉིས་ཀྱིས་འགོ་ཁྲིད་དེ། འཕྲེད་དར་སྟེང་ཧུའུ་ཅིན་ཐའོ་ལག་དམར་བ་རེད། བོད་ལ་རང་དབང་དགོས་ཟེར་བའི་ཡི་གེ་བྲིས་ཏེ་ས་གནས་གང་སར་ཁྱབ་བསྒྲགས་བྱས་ཡོད་པ་དང༌། དེ་བཞིན་ཚོགས་པ་འདྲ་མིན་གྱི་ལས་འགུལ་བ་ཚོས་གྱང་ངོས་སུ་བོད་ལ་རང་དབང་དགོས། གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་དྲན་གསོ་གྱིས་ཟེར་བ་སོགས་བྲིས་ཡོད་པ་རེད། ཚོགས་འདུ་ཚོགས་སའི་སྒོ་ཆེན་གྱི་གཡས་གཡོན་གང་སར། ངོ་རྒོལ་བྱེད་མཁན་ཨི་ཊ་ལའི་ནང་ཡོད་པའི་བོད་རིགས་སྐྱ་སེར་ཕོ་མོ་དབྱེར་མེད་དང། ཨི་ཊ་ལའི་བོད་ཀྱི་ལྷན་ཚོགས་ཀྱི་ཚོགས་གཙོ་ཁཱི་ལུས་ཌའོ་མཆོག་ཀྱང་ཕེབས་ཡོད་པ་དང། ཚང་མས་དུས་གཅིག་གི་ཐོག་རྒྱ་ནག་གི་སྲིད་འཛིན་ལ་ངོ་རྒོལ་བྱེད་སྐབས། ས་གནས་ཉེན་རྟོག་པ་ཡོང་ནས་ངོ་རྒོལ་བ་རྣམས་བཀག་ཉར་བྱས་ཡོད་རུང་འཕྲལ་དུ་གློད་གྲོལ་བཏང་ཡོད་པ་རེད།
དེ་བཞིན་རྒྱ་ནག་གི་སྲིད་འཛིན་ཨི་ཊ་ལིའི་བཟོ་གྲྭ་འགའ་ཤས་ནང་ལྟ་སྐོར་དུ་འགྲོ་སྐབས། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ས་གནས་གང་སར་ངོ་རྒོལ་བྱས་ཡོད་པས། སྲིད་འཛིན་ཧུའུ་ཅིན་ཐའོ་སྙན་གྲགས་ཅན་གྱི་རི་མོའི་འགྲེམས་སྟོན་ཚོགས་ཁང་ནང་ལྟ་སྐོར་ལ་འགྲོ་འཆར་ཡོད་རུང༌། བོད་མི་ཚོས་ངོ་རྒོལ་བྱེད་པར་དོགས་ནས་ལྟ་སྐོར་ཕྱིར་འཐེན་བྱེད་དགོས་བྱུང་ཡོད་པ་རེད།
རྗེས་སུ་ཧུའུ་ཅིན་ཐའོ་ཚོགས་འདུའི་ནང་ཞུགས་མ་ཐུབ་པར་རྒྱ་ནག་ཏུ་ཕྱིར་ལོག་བྱེད་དགོས་བྱུང་ཡོད་པ་དང། ཨི་ཊ་ལིའི་ཚགས་ཤོག་སྟེང་འཁོད་གསལ་ལྟར་ན། ཤིན་ཅང་དུ་རྒྱ་གཞུང་གིས་མི་གསོད་ཁྲག་སྦྱོར་གྱི་ལས་ཀ་བྱས་ཡོད་པས། རྒྱ་ནག་གི་སྲིད་འཛིན་གྱིས་ཨི་ཊ་ལའི་ས་གནས་སུ་མི་མང་གིས་ངོ་རྒོལ་བྱེད་པར་དོགས་ནས། འཛམ་གླིང་རྒྱལ་ཁབ་༨ ཀྱི་ཚོགས་འདུའི་ཐོག་འཛུལ་ཞུགས་བྱེད་མ་ཐུབ་པ་རེད་ཅེས་བརྗོད་ཡོད་པ་དང། དེ་བཞིན་ཧུའུ་ཅིན་ཐའོ་ཚོགས་ཞུགས་མ་ཐུབ་པ་དེ་ཤིན་ཅང་གི་ཡར་ལངས་ལ་དྲག་གནོན་དགོས་པར་བརྟེན། ཁོ་ཛ་དྲག་ངང་ཕྱིར་ལོག་བྱེད་དགོས་བྱུང་བ་རེད་ཅེས་བརྗོད་མཁན་ཡང་བྱུང་ཡོད་པ་རེད།།