ཡུ་གུར་བ་ཚོས་ྋགོང་ས་མཆོག་ལ་ཕྱག་བྲིས་ཕུལ་མེད།

    སྐུ་སྒེར་ཡིག་ཚང་གི་ལས་བྱེད་སྟག་ལྷ་བསྟན་འཛིན་ལགས་ཀྱིས་ཀྱང་ཕྱག་བྲིས་དང་མྱུར་འཕྲིན་གང་ཡང་ྋགོང་ས་མཆོག་ལ་འབྱོར་མ་སོང་ཞེས། གསར་འགོད་པར་འགྲེལ་བརྗོད་བྱས་ཡོད་པ་རེད།
    དེ་ཡང་ཡུ་གུར་མི་རིགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་ཤུགས་ཆེན་བྱས་པ་དེ་ཉེ་དུས་འཛམ་གླིང་གི་གསར་འགྱུར་ཆེ་ཤོས་ཆགས་ཡོད་ཅིང༌། དེ་དང་བསྟུན་ནས་རྒྱ་ནག་གིས་བོད་དང་ཡུ་གུར་གཉིས་ལ་འབྲེལ་བ་དམ་པོ་ཡོད་སྐོར་གྱི་གནས་ཚུལ་རྫུན་མ་ཕོན་ཆེན་བཟོས་ནས་བརྒྱུད་ལམ་ཁག་ཏུ་སྤེལ་ཡོད་པ་མ་ཟད། ྋགོང་ས་མ་ཆོག་ལ་སྐྱབས་བཅོལ་དུ་ཡོད་པའི་ཡུ་གུར་མཐུན་ཚོགས་ཀྱིས་ཡི་གེ་བཏང་བ་རེད་ཟེར་ནས། རྒྱ་ནག་གཞུང་གིས་འཆར་གཞི་ཡོད་པའི་ཐོག་ནས་ཡི་གེ་རྫུན་མཡང་བཟོ་སྒྲིག་བྱས་ཡོད་འདུག
    དེ་བཞིན་ཡུ་གུར་ཨ་རིའི་མཐུན་ཚོགས་(UAA) དང་འཛམ་གླིང་ཡུ་གུར་ལྷན་ཚོགས་(WUC) གཉིས་ཀྱིས། འཛམ་གླིང་གི་གསར་འགྱུར་བརྒྱུད་ལམ་ཁག་ནས་ཡི་གེ་རྫུན་མ་ཞིག་ཁྱབ་བསྒྲགས་བྱས་ཡོད་པ་དེ་ནི། རྒྱ་ནག་གིས་ཡུ་གུར་མི་མང་གིས་འགྲོ་བ་མིའི་ཐོབ་ཐང་རྩོད་པའི་མཚན་སྙན་གྲགས་ལ་གནོད་ཆེད་དང༌། ཡུ་གུར་ཨ་རིའི་མཐུན་ཚོགས་དང། འཛམ་གླིང་ཡུ་གུར་ལྷན་ཚོགས་གཉིས་ཀྱིས། ཡི་གེ་ཇི་ལྟར་བཏང་བ་རེད་ཟེར་ནས་ཀློག་པ་པོ་ཚོར་མགོ་རྙོག་ཡོང་བའི་ཆེད་དུ་རྒྱ་ནག་གིས་བཟོ་སྒྲིག་བྱས་པ་ཞིག་རེད་ཅེས་གསར་འགོད་གསལ་བསྒྲགས་བྱས་ཡོད་པ་རེད།    ད་དུང་གསལ་བསྒྲགས་ནང་བཙལ་བྱོལ་བོད་གཞུང་དེ་རྒྱ་ནག་དང་ཁ་བྲལ་རྩོད་མཁན་གྱི་ཚོགས་པ་ཞིག་མིན་པ་དང༌། དེ་བཞིན་ཡུ་གུར་བ་ཚོའི་ཚོགས་པ་ཁག་ཀྱང་རྒྱ་ནག་དང་ཁ་བྲལ་རྩོད་མཁན་མ་རེད། ཕྱོགས་གཉིས་ཀས་རྩོད་རྒྱུ་ནི་རང་ཐག་རང་གིས་གཅོད་ཆོག་པ་ཞིག་དང༌། མི་མང་ལ་འགྲོ་བ་མིའི་ཐོབ་ཐང་ཚད་ལྡན་ཞིག་དགོས་རྒྱུ་དེ་རེད་ཅེས་འཁོད་ཡོད་པ་རེད།།