ངས་རྩོད་རྒྱག་རྒྱུ་ཡིན།
དེ་ན་ང་རང་ཡང་མི་ཞིག་རེད། ངས་གང་ཞིག་རྩོད་དགོས་ཀྱི་ཡོད་དམ་ཟེར་ནས་ངས་རང་ཉིད་ལ་དྲི་བ་ཞིག་དྲིས་དུས། ངས་རྩོད་རྒྱུ་དེ་ནི་རང་གི་ཉལ་ས་དྲོན་མོ་དེ་མི་གཞན་གྱིས་བཙན་འཕྲོག་བྱས་པ་དེར་ཕྱིར་རང་ཉིད་ལ་ཐོབ་རྒྱུར་འབད་བརྩོན་དང་རྩོད་པ་རྒྱག་དགོས་པ་དེ་རེད། འོན་ཀྱང་། ངས་ཉལ་ས་འཕྲོག་མཁན་གྱི་མི་དེ་ནི་སྟོབས་ཆེན་ཞིག་ཡིན་སྟབས། ངའི་འགྲམ་གྱི་མི་མང་བོ་ཞིག་ཁོ་ལ་རེ་དགོས་ཀྱི་ཡོད་སྟབས། ཁོང་ཚོས་ངའི་ཉལ་ས་ཁོས་འཕྲོག་པ་ཤེས་ཀྱང་། ཁ་རོག་གེར་བསྡོད་པ་འམ་མཚམས་རེར་དེ་འདྲ་མ་བྱེད་ཟེར་ནས་ཁ་ཡག་རེ་བཤད་པ་ལས། ང་རང་གི་ཉལ་ས་དྲོན་མོ་དེ་ང་རང་ཕྱིར་ཐོབ་ཐབས་སུ་ཁོང་ཚོས་ཁ་སེམས་མཐུན་པའི་རོགས་རམ་ཞིག་བྱེད་མཁན་དངོས་ནས་དཀོན་པོ་རེད།
དེས་ནས་ངས་རང་གི་རྩོད་རྙོག་འདི་ཁ་རོག་གེར་བཞག་ནས་ང་རང་ཉལ་ས་གཡར་མ་ཞིག་ལ་མགོ་བོ་བཞག་ནས་ཤི་རྒྱུར་སྒུག་དགོས་ཀྱི་ཡོད་དམ་ཟེར་ནས་རང་གིས་རང་ལ་དྲི་བ་གཉིས་པ་ཞིག་སླེབས་སོང་། རེད། རང་ཉིད་མི་གཅིག་གང་དུ་སོང་ཡང་མི་སྐྱོན་མོད། ངའི་ཉལ་ས་དྲོན་མོ་དེ་ཕྱིར་རང་གི་ལག་ཏུ་མ་རེག་པ་ཡིན་ན། ངའི་མེས་པོ་དེ་དག་གིས་ང་རང་ལ་བཞག་པའི་གཅེས་ནོར་ཡིན་སྟབས། ངས་རང་གི་མེས་པོ་དག་ལ་ཕྱི་མ་ནས་ཅི་ཞིག་བཤད་དགོས་ཀྱི་ཡོད་པ་རེད་ཅེས་རང་གི་རང་ལ་ལན་འདྲ་བོ་ཞིག་འདེབས་ཁུལ་བྱས་དེ། ད་ནི་ངས་ཀྱང་རྩོད་རྙོག་དེ་བཟང་ངན་གང་དུ་སླེབས་རེག་བར་ཏུ་རྩོད་རྒྱུར་སེམས་ཐག་བཅད་ཟིན་པ་ཡིན། ཡིན་ཡང་། ང་རང་ལ་ཁོང་ཚོས་རོགས་བྱེད་སྲིད་དམ། ཕལ་ཆེར། ཁོང་ཚོས་ད་དུང་ཡང་སྔར་བཞིན་ཁ་གཡང་རེ་བསྒྲགས་ནས་ལྟད་མོ་ལྟ་མཁན་ལས་གང་ཡང་མི་བྱེད་མཁན་དེ་རྣམས་ཆགས་སྲིད་དམ། དེ་འདྲར་ཆགས་ཉིན། ད་ནི་ངས་རང་གི་མེས་པོ་དག་ལ་དངོས་ནས་ཅི་ཞིག་ཟེར་བསམ་ཞོར་རྩོད་རྙོག གང་ནས་མཇུག་བསྡུ་སྲིད་པ་ཡིན། མུ་མཐུད་དུ་རྩོད་རྒྱུ་དེ་ནི་ངས་ཕྲག་པར་ལྷུང་བའི་ལས་འགན་ཡིན་པ་རེད། རྩོད་རྙོག་ང་རང་སྐྱེ་དུས་ནས་མགོ་བཙུགས་འདུག ང་སྐྱེ་དུས་ནས་ངའི་ཉལ་ས་དྲོན་མོ་གཞན་ལག་ན་འདུག མི་ཟེར་བ་འདི་གཉིད་སྐྱིད་པོ་ཞིག་ཁུགས་འདོད་ཀྱང་། ཉལ་ས་དྲོན་མོ་ཞིག་མེད་དུས། རྩོད་པ་ལོས་རྒྱག རྒྱག་ངེས་ཡིན། རྒྱག་དགོས་པ་ཡང་བཟོས་ཡོད་པ་རེད། ད་ནི་རྩོད་རྙོག་འགྲིག་པའི་རེ་བ་ཞིག་ཡོད་རྒྱུའི་ཕྱོགས་སུ་བསམ་བློ་གཏོང་མཁན་ཞིག་ཡོད་ཀྱང་རུང་མེད་ཀྱང་རུང་། ངས་རྩོད་རྒྱག་རྒྱུ་ཡིན།