འོད་ཟེར་ལ་བཏང་བའི་འཕྲིན་ཐུང༌།
གུས་མོས་ཁྱེད་ལ་བསྐུར་བའི་སྒེར་གྱི་ལོ་རྒྱུས་དེབ་གངས་རིའི་ཆུ་ཐིགས་ཀྱི་ནང་དོན་བཞིན་བདག་ཡུལ་གྱར་དུ་འབྱོར་ནས་ལོ་བདུན་ལྷག་ཙམ་ཕྱིན་ཡོད་པ་དང༌། མི་ཡུལ་དུ་འཚོ་བ་དེའང་དེ་སྔོན་ཕ་སའི་གནས་སྟངས་སམ་ལེགས་ཆའམ་མི་འདྲ་ས་ནི་འདིར་ཚད་གཞི་ངེས་ཅན་གྱི་སེམས་ཀྱི་རང་དབང་དང་ལྷིང་འཇགས་རོལ་ཆོག་པ་དེ་རེད་སྙམ། འོན་ཀྱང་འཁྲུག་ཆ་བྲལ་བའི་བརྒྱུན་གཏན་གྱི་འཚོ་བའི་ནང་རྟག་ཏུ་མྱོང་བཞིན་པ་ནི་བཟོད་ཐབས་དཀའ་བའི་ཕ་ས་དང་གཉེན་ཉེ་དག་ལ་དྲན་གསོ་ལྷད་མེད་ཀྱི་བཙིར་བཞིན་པའི་
སེམས་ཆུང་གི་མནར་གཅོད་དེ་དག་རེད་ལགས། ཕ་སའི་རི་ཆུ་ཡུལ་ལུང་དང༌། ཕ་སའི་རྒས་ཤིང་འཁོག་པའི་དྲིན་ཆེན་གྱི་མ་ཡུམ། ཕ་སའི་གཉེན་ཉེ་བུ་སྤུན་མིང་སྲིང་། དེ་བཞིན་ཕ་སའི་རྩ་རྐང་རེ་དང་ཤིང་སྡོང་རེ་རེའང་ང་ཚོའི་ཡུལ་གྱར་བོད་མི་ཚོས་ཕུག་འདུན་ཡུལ་དུ་བཞུར་བའི་གཉིད་ལམ་གྱི་སྙིང་པོ་དག་ཡིན། དངོས་གནས་འཁྱམ་པོའི་སེམས་ནི་ནམ་ཡང་ལྷིང་འཇགས་དང་བསུན་བཙིར་རོལ་འདོད་མེད་ཀྱང་རྟག་ཏུ་ཕྱི་དྲན་གྱི་བསུན་བཙིར་འོག་གནས་བཞིན་པའི་སེམས་ཁམས་དག་རེད།
གཅེན་མོ་འོད་ཟེར་ལགས། གུས་མོས་དེ་སྔོན་ཁྱེད་ཀྱི་རྩོམ་འགའ་དྲ་ལམ་ཐོག་ནས་བཀླགས་པའི་གོ་སྐབས་བྱུང་ ཞིང༌། ཉེ་དུས་ཀྱང་ངེད་བོད་ལྗོངས་སློབ་ཆེན་གྱི་སློབ་གྲོགས་འགས་མཉམ་རུབ་ཀྱིས་སློབ་གྲོགས་བློ་བཟང་བསྟན་འཛིན་ལགས་སློད་གྲོལ་ཡོང་ཐབས་ཀྱི་འབོད་བསྐུལ་རྩོམ་ཡིག་དེ་ཁྱེད་ཀྱིས་དྲ་ཁྱིམ་དུ་བརྒྱུད་བཀོད་གནང་ཞིང༌། བློ་བཟང་བསྟན་འཛིན་གྱི་ཕྱེད་པར་ཞིག་ཀྱང་མཉམ་བཀོད་གནང་བར་མཐོང་དུས་ང་ཚོར་དགའ་བ་བལྟས་ཤིང༌། འདིར་ངའི་སློབ་གྲོགས་དེ་དག་གི་ཚབ་ཞུས་ཏེ་ཁྱེད་ལ་སྙིང་ཐག་པ་ནས་ཐུགས་རྗེ་ལེགས་གསོལ་ཞུ་འདོད་བྱུང༌།
ཁྱེད་སྙོམས་ཆུང་གི་གསུང་སྐད་ཐོས་ཐེངས་རེ་དང་ནུས་ལྡན་གྱི་རྩོམ་སྤེལ་གྱི་ནང་དོན་མྱང་ཐེངས་རེར་ཁྱེད་ཀྱིས་བདག་སེམས་ལ་གཡོ་འགུལ་ཆེན་པོ་ཐེབས་སུ་བཅུག དེའང་དེང་གི་དུས་འགྱུར་ཕྲོད་འུ་ཅག་གངས་ཅན་པ་རྣམས་གནམ་རྒན་མས་ཕྱོགས་གཉིས་སུ་བཀྲད་ཀྱང་ཕན་ཚུན་ཚ་ལམ་ལམ་གྱི་སེམས་འདུན་དག་ལྷག་ཏུ་ཚོར་ཐུབ་པའི་རྐྱེན་གྱིས་ཡིན་ཚོད་རེད། ཉམས་ཆུང་གི་མི་རིགས་འདི་དང་སེམས་བཟང་ཅན་གྱི་རྒྱ་ཆེར་རིགས་མཐུན་སྤུན་མཆེད་ཚོའི་ཆེད་དུ་། ལྷ་མེད་སྨྲ་བ་པོས་དེ་དག་རེ་རེ་བཞིན་རྩ་གཏོར་གཏོང་བཞིན་ད་ཆ་སྨྱོ་ལ་ཉེ་བའི་ ཉེ་འབྲེལ་གྱི་སྤུན་ཟླ་ཡོངས་ཀྱི་ཆེད་དུ། ང་ཚོས་ཕྱོགས་མི་འདྲ་ས་ནས་གཅིག་མཐུན་གྱི་དམིགས་ཡུལ་དེའི་ཆེད་དུ་འབད་བརྩོན་བྱེད།
གཅེན་མོ་འོད་ཟེར་ལགས། ང་ཚོ་ཡུལ་གྱར་དུ་འཚོ་བཞིན་ཡོད་ཀྱང་རྟག་ཏུ་ཕ་སར་ཕྱིར་ལོག་ཐབས་ཀྱི་སྟ་གོན་ རྩོམ་ཞིང་རེ་འདུན་ཤུགས་ཆེན་བཅངས་བཞིན་ཡོད། རྒྱུན་གཏན་བྲེལ་འཚུབ་ལྡན་པའི་བསམ་བློའི་རྩོལ་བ་དག་ཕུད། ཕྱིའི་ཁོར་ཡུག་དང་ནང་གི་ཆ་རྐྱེན་སོགས་ཀྱིས་ཚོད་འཛིན་འོག ཧུར་བསྐྱེད་གང་མཚམས་བྱས་ཀྱང་ཅུང་དམིགས་བསལ་དོད་པའི་བྱ་བ སྒྲུབ་མ་ཐུབ་པའི་ཚོར་བ་དེ་ལྟར་ཤུགས་ཆེན་ཚོར་གྱི་འདུག དོན་དངོས་ཐོག་དེ་ནི་བྲེལ་ཟིང་གི་འབུངས་བ་ཆེར་བསྐྱེད་ཀྱང་གྲུབ་འབྲས་ཐོན་ཐབས་མེད་པའི་གནང་སྟངས་ལྟར་རེད། འོན་ཀྱང་ང་ཚོའི་གཅིག་མཐུན་གྱི་རང་དབང་གི་ཕུག་འདུན་དེའི་ཕྱིར་མུ་མཐུད་ཧུར་བརྩོན་མི་བྱེད་ག་མེད་རེད། ཁྱེད་ཀྱིས་གསུངས་ན་དེ་འདྲ་རེད་དམ།
སྲིད་དབང་སྒེར་གཅོད་པས་གཉའ་གནོན་འོག་ཁྱེད་རང་ཡང་བདེ་སྐྱིད་བག་འཕེལ་གྱིས་འཚོ་ བཞིན་མེད་པར་ང་ཚོས་རྒྱུས་ལོན་དང་གསལ་པོ་ཤེས་རྟོག་ཡོད། ཡིན་ཡང་གངས་ཅན་པ་རྣམས་ལ་ཁྱད་འཕགས་ནང་ཆོས་ཀྱིས་བྱིན་རླབས་དེས་སེམས་ཁམས་བརླན་བཞིན་པར་བརྟེན། ཁྱེད་ཉིད་ཀྱང་དེའི་བདེ་དགའི་བྱིན་མཐུ་འཇུག་ཐུབ་པའི་སྨོན་འདུན་ཞུ། བུད་མེད་ཅིག་ཡིན་པའི་ངོས་ནས་ཁྱེད་རང་ཡང་བརྩེ་བའི་དྲོད་སྐྱིད་ཀྱི་གནས་ས་འཛོམས་པ་དང་འཆམ་མཐུན་གྱི་ཁྱིམ་གཞིའི་བདེ་བ་ཡོངས་རྫོགས་མྱང་ཐུབ་པའི་རེ་སྨོན་ཞུ།
གཞན་ཡང་ཁྱེད་ཉིད་ནི་བོད་ནང་སྤུན་ཟླ་ཡོངས་ནས་འཛམ་གླིང་ཐོག་རང་མི་རིགས་ཀྱི་དངོས་ཡོད་ གནས་སྟངས་གསལ་བརྗོད་གནང་མཁན་མངོན་གསལ་དོད་པའི་མགྲིན་ཚབ་པའི་གྲས་ཡིན་ལ། ཁྱེད་ཉིད་ཉམས་ཆུང་མོ་ལུས་ཟེར་བའི་བོད་རིགས་བུད་མེད་ཅིག་རང་ངོས་ནས་དྲང་བདེན་ གྱི་ཐུགས་འདུན་གསོན་པོ་ཞིག་སྟེག་གིན་རྒྱལ་སྤྱིའི་མི་རྣམས་ཀྱི་མིག་མདུན་དུ་ དྲག་པོའི་སྲིད་དབང་སྒེར་གཅོད་པས་གཡོ་འགེབས་བྱས་པའི་དོན་དངོས་གསལ་བཏོན་གནང་མཁན་དཔའ་མོ་ཞིག་རེད་། ཁྱེད་ནི་རང་རིགས་ཀྱི་ལ་རྒྱ་ཡིན་ལ། ཁྱེད་ནི་ང་ཚོའི་གངས་ཅན་པའི་མ་ཡུམ་ཚོའི་སྤོབས་པའང་ཡིན། སྲིད་དབང་དྲག་འཛིན་པས་རྒྱུན་རིང་མགོ་བསྐོར་དང་བསླུ་བྲིད་འོག བདེན་དོན་གྱི་དྲན་ཤིང་བོར་བའི་མི་རྣམས་ཀྱི་ཆེད་དུ། མི་རྣམས་ཀྱིས་དྲང་བདེན་གྱི་མིག་གཉིས་རྨོངས་པའི་ཡུལ་ནས་སད་དེ་འཛམ་གླིང་ལ་རྒྱང་ལྟ་ཐུབ་པའི་ཆེད་དུ། ཁ་བ་རི་བའི་འགྲོ་དྲུག་སེམས་ཅན་ལ་ཕན་བདེ་སྦྱིན་ཐབས་ཀྱི་ཁྱད་འཕགས་འདུན་པ་དེའི་ཆེད་དུ། ང་ཚོས་ནམ་ཡང་ཡོངས་རྫོགས་རང་དབང་གི་ཆེད་དུ་བརྩོན་པར་བྱེད་ལ། རང་དབང་གི་ཆེད་དུ་འཚོལ་སྙེག་བྱེད། གང་ཡིན་ཟེར་ན། ང་ཚོའི་ངོས་ནས་ཡིད་ཆེས་སྲ་བརྟེན་བཅངས་བཞིན་པའི་སེམས་ཀྱི་ཟབ་སའི་ཕུག་འདུན་ དེ་ནི་ནམ་ཞིག་དྲང་བདེན་གྱིས་གཡོ་འཁྱོལ་ཕམ་པར་གྱར་ངེས་པ་དེ་རེད། ཡུལ་འཁྱམས་ཀྱི་གཅུང་མོ་ཞིག་གིས་ཁྱེད་ལ་སྨོན་འདུན་ཞུ་བཞིན་ཡོད་ལ། གཞན་ཡུལ་དུ་བཙན་གྱིས་བྱོལ་དགོས་བྱུང་བའི་རིགས་མཐུན་ཁྱུ་ཞིག་གིས་ཁྱེད་ལ་གུས་འདུད་ཞུ་བཞིན་ཡོད། བདེན་པའི་བཟང་སྤྱོད་དང་ལྡན་པའི་ཁ་བ་གངས་ཅན་པ་ཡོངས་ཀྱིས་ཁྱེད་ཀྱིས་བཟང་པོའི་ འབད་འབུངས་དེ་དག་ལ་བསྟོད་བསྔགས་འབུལ་གྱི་ཡོད། ཁྱེད་ནི་གངས་ཅན་པའི་སྐྱེད་མ་འཁྲུལ་མེད་ཅིག་རེད་ལ། ཕ་ས་ནས་ཁྱེད་ལ་དྭངས་གཙང་དང་ཁྱད་འཕགས་ཀྱི་བློ་བསྐྱེད་ཅིག་སྦྱིན་ངེས། ཁྱེད་ནི་བོད་པའི་སྐད་སྒྲ་ཡིན་ལ། ཕ་སའི་སྐྱོ་ངལ་གྱི་གནས་སྟངས་དེ་དག་གིས་ཁྱེད་ལ་ཞུམ་མེད་ཀྱི་མདུན་སྙེག་གི་བསྐུལ་ཅག་སྤྲད་ངེས། ཁྱེད་ཐུགས་དཀྱིལ་ནས་འཁྲུངས་པའི་འབོད་སྒྲ་དེ་དག་ནམ་ཡང་མཚམས་འཇོག་མ་གནང༌། མུ་མཐུད་གདུག་རྩུབ་ཅན་གྱི་ངོ་གདོང་དག་འཛམ་གླིང་ཡོངས་སུ་སྒྲོག་ཅིག ལུས་སེམས་གཉིས་ལ་གཉའ་གནོན་ཚད་གཞི་བརྒལ་བ་མྱོང་བཞིན་པའི་གངས་ཅན་པ་རྣམས་ཚུད། མི་མང་ཡོངས་ཀྱི་རང་དབང་དང་དེ་དག་སྡུག་བསྔལ་ནས་གྲོལ་ཕྱིར། སྙིང་ཉེ་བའི་བོད་དམངས་མི་རེ་ངོ་རེའང་ཁྱེད་ཀྱི་སྨྱུག་རྩེ་ནས་ལུད་ཆོགས་པའི་བརྗོད་བྱའམ་དཔང་ རྟགས་གསོན་པོ་ཡིན་ལ། གཉའ་གནོན་འོག་གི་མི་མང་དེ་དག་གི་ཆེད་དུ། ཁ་བ་རི་བའི་འབོད་སྒྲ་ནམ་ཡང་འཇགས་མི་སྲིད་ལ། ཁྱེད་ཀྱི་སྨྱུག་རྩེ་ཡང་མཚམས་འཇོག་མི་བྱེད་པའི་ཡིད་ཆེས་གཙང་མ་ཡོད། གཉའ་གནོན་འོག་ཡུལ་འཁྱམས་བྱེད་དགོས་བྱུང་བའི་ཁྱེད་ཀྱི་རིགས་མཐུན་གངས་ལྷ་མོ་ནས།
ཕྱི་ལོ་2009ཟླ་7ཚེས་26བཟང་པོའི་ཉིན་བོད་ཡུལ་གྱར་གཞུང་གི་ལྟེ་གནས་རྡ་རམ་ས་ལ་ནས་ཕུལ་།