གྲྭ་པ་ཞིག་ལ་ལོ་གསུམ་གྱི་ཁྲིམས་ཆད།

    དེ་ཡང་དར་རྩེ་མདོར་གོང་ཚེས་ཉིན་འབྲིང་རིམ་ཁྲིམས་ཁང་གིས་མངོན་གསལ་མིན་པའི་གསང་བའི་ཁྲིམས་ཐག་བཅད་དེ་ཁོང་གི་ནང་མི་སྤུན་གཉེན་སུ་ལའང་བརྡ་ལན་སྤྲད་མེད་པ་དང༌། དག་འབུད་བྱེད་མཁན་གྱི་ཁྲིམས་རྩོད་པའི་གོ་སྐབས་ཀྱང་སྤྲད་མེད་པ་རེད། ༢༠༠༧ ལོའི་ཟླ་ ༡༠ ཚེས་ ༣ ཉིན་ས་གནས་རྒྱ་གཞུང་གིས་ལི་ཐང་གཡོན་རུ་འབྲོག་སྡེའི་དགེ་ལྡན་རབ་རྒྱས་གྲྭ་ཚང་དུ་སེར་སྐྱ་མི་དམངས་སྟོང་ཕྲག་བརྒལ་བ་ཞིག་ཚོགས་འདུར་བསྐོངས་ཏེ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཞེས་པའི་ཏྭ་ལའི་རུ་ཚོགས་ལ་ངོ་རྒོལ་གྱི་ས་རྟགས་རྒྱག་དགོས་པ་སོགས་བཙན་ཤེད་བྱེད་སྐབས་འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་ངོས་བྱེད་ཐབས་མེད་པའི་རྒྱུ་མཚན་འགྲེལ་བརྗོད་བྱས་པ་དང། ྋརྒྱལ་བ་རིན་པོ་ཆེ་དད་པ་ཡིད་ཆེས་ཡོད་སྐོར་དང། བོད་ཀྱི་ཉེས་མེད་བཙོན་པ་རུང་རྒྱས་ཨ་གྲགས་སོགས་གློད་གྲོལ་དགོས་སྐོར་བརྗོད་པར་བརྟེན། རྒྱ་ནག་གཞུང་གི་ཉེན་རྟོག་པས་འཇུ་བཟུང་བྱས་པ་ཞིག་ཡིན་པ་རེད། འཇམ་དབྱངས་བསྟན་འཛིན་ལགས་ཕ་འཕྲིན་ལས་ཚེ་རིང་དང༌། མ་བསོད་ནམ་སྒྲོལ་མ་གཉིས་སུ་ལི་ཐང་གཡོན་རུ་ས་སྐོར་སྡེ་བ་རུ་༡༩༧༣ ལོར་སྐྱེས་པ་དང། དེ་སྔོན་རྒྱ་གར་དུ་ཡོང་ནས་ཕྱིར་ལོག་སྐབས་རྒྱ་ནག་གཞུང་གིས་འཇུ་བཟུང་བཀག་ཉར་ཡང་བྱེད་མྱོང་ཡོད་པ་རེད།།