འབྲི་རུ་རྫོང་དུ་སློབ་གྲྭ་སྒོ་བརྒྱབ་པ།

འབྲི་རུ་རྫོང་དང་སོག་རྫོང་ཁོངས་སུ་བོད་མི་བསྟན་འཛིན་མཐའ་བྲལ་དང། འགྱུར་མེད་ཚེ་དབང་གཉིས་ཀྱིས་སྦྱིན་བདག་བྱས་ནས་བཙུགས་པའི་སྒེར་གཉེར་སློབ་གྲྭ་ཁག་ཅིག་ཡོད་པའི་ནང་ནས། འབྲི་རུ་རྫོང་ཚྭ་ཆུ་ཤང་དུ་བཙུགས་པའི་བོད་ཀྱི་གསོ་རིག་སློབ་གཉེར་ཁང་དེར་སློབ་ཕྲུག་བཞི་བཅུ་ཙམ་ལ་བོད་ཀྱི་གསོ་རིག་དང་བརྡ་སྤྲོད་རིག་པ་སོགས་སློབ་ཀྱི་ཡོད་པ་དང། སྔ་ལོའི་ཕྱི་ཟླ་བཅུ་གཉིས་པའི་དགུན་ཁའི་གུང་གསེང་བཞག་པ་ནས་བཟུང་རྒྱ་གཞུང་གིས་སློབ་གྲྭ་འཚོག་མ་བཅུག་པར་སྒོ་བརྒྱབ་ཡོད་འདུག དེའི་རྒྱུ་མཚན་ནི་སློབ་གྲྭ་དེའི་སློབ་མ་དང་ཡུལ་མི་ཁ་ཤས་ཀྱི་ལག་འཁྱེར་ཁ་པར་ནང་དུ་བོད་ཀྱི་རྒྱལ་དར་དང། བོད་ཀྱི་ལ་རྒྱ་ཡོད་པའི་གཞས་སོགས་བཅུག་ཡོད་པ་ཤེས་རྟོགས་ཀྱིས་འཛིན་བཟུང་དང་དངུལ་ཆད་བཅད་པའི་གནས་ཚུལ་བྱུང་བས་དེའི་འགན་སློབ་གྲྭས་ཁུར་དགོས་པ་སོགས་ཀྱི་ནག་ཉེས་བཙུགས་ཡོད་པ་རེད་འདུག  །