ཆབ་མདོ་ཁུལ་དུ་སློབ་མ་ཞིག་གིས་རང་བཙན་སྐད་འབོད།

    བློ་བཟང་སྙན་གྲགས་དང་ཁོང་གི་རོགས་པ་བསོད་ནམས་ཟེར་བ་དང་ལྷན་དུ་ཞོགས་པ་ནས་ཉིན་རྒྱབ་བར་འཁྱམ་འཁྱམ་ལ་ཕྱིན་ནས་ཕར་ལོག་པའི་སྐབས་སུ། བློ་བཟང་སྙན་གྲགས་ཀྱིསོརོགས་པ་སྔོན་དུ་བཏང་ནས། ཁོ་རང་དུས་ཚོད་ཏོག་ཙམ་འགོར་རྒྱུ་ཡིན་ལུགས་བཤད་འདུག་པ་དང༌། དེ་རྗེས་ཁོང་གིས་རས་དཀར་པོ་ཞིག་གི་སྟེང་དུ་བོད་རང་བཙན་ཡིན་པ་དང༌། ྋརྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག རྒྱ་མི་བོད་ནས་ཕར་རྒྱུགས་ཤིག་ཅེས་བྲིས་ཡོད་པ་དང༌། རས་དཀར་པོ་གཞན་ཞིག་གི་སྟེང་དུ་བོད་ཀྱི་རྒྱལ་དར་མཚོན་པའི་ཚོན་ཁྲ་འདྲ་མིན་བཀོད་པ་ཞིག་ལག་ཏུ་ཁྱེར་ནས། ཆབ་མདོ་ལྟོ་མདོ་སྒང་ཞེས་པའི་ཁྲོམ་གཞུང་དུ་རྒྱུགས་ཞོར་དུ་བོད་རང་བཙན་ཡིན་པ་དང༌། བོད་མི་རྩམ་གཟན་ཡོངས་རྫོགས་ལོངས་ཤོག་ཅེས་སྐད་འབོད་བྱེད་བཞིན། ཉེན་རྟོག་ལས་ཁུངས་ཤིག་ཏུ་ཕྱིན་སྐབས་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་ས་གནས་དེའི་ཁྲོམ་སྟོན་མཁན་ཚོས་མཐོང་ཡོད་འདུག དེའི་ཕྱི་ཉིན་གུ་རུ་དགེ་འོས་སློབ་གྲྭའི་སློབ་མ་དྲུག་ཉེན་རྟོག་ཁང་དུ་ཕྱིན་ནས་བློ་བཟང་སྙན་གྲགས་གློད་དགོས་པ་ལས། དེ་མིན་སྐད་འབོད་བྱ་རྒྱུ་ཡིན་ཚུལ་བརྗོད་སྐབས། དེར་ཉེན་རྟོག་པས་ཉེན་བརྡ་བཏང་ནས་གནས་ཚུལ་ཞིབ་འཇུག་བྱེད་རྒྱུ་ཡིན་ཚུལ་བརྗོད་པ་དང༌། དེའི་རྗེས་སུ་ཡང་བསྐྱར་སློབ་མ་དྲུག་པོ་དེ་དང་ལྷན་དུ་སློབ་མ་མང་པོ་ཞིག་ཉེན་རྟོག་པའི་ལས་ཁུངས་སུ་བསྐྱོད་རྩིས་བྱས་ཀྱང་སློབ་གྲྭའི་དབུ་འཛིན་གྱིས་བཀག་འགོག་བྱས་ཡོད་པ་རེད། གནས་ཚུལ་ལ་དེ་ལ་བརྟེན་ནས་བློ་བཟང་སྙན་གྲགས་ཀྱི་ཕ་ཡུལ་ཚ་བ་མཛོ་སྒང་རྫོང་སྤུན་ཟླ་གྲོང་དུ་དམ་དྲག་བྱེད་བཞིན་ཡོད་པ་དང༌། བློ་བཟང་སྙན་གྲགས་ཆབ་མདོ་རྫོང་གི་བཙོན་ཁང་དུ་བཀག་ཉར་བྱས་ཡོད་པ་རེད།།