དགེ་སྐོས་ཤིག་དགོན་པ་ནས་ཕྱིར་ཕུད།
མཚོ་སྔོན་ཞིང་ཆེན་བ་ཡན་རྫོང་བྱ་ཁྱུང་དགོན་པར་རྫོང་ཆོས་དོན་ལས་ཁུངས་དང་སྤྱི་བདེ་ཉེན་རྟོག་མི་སྣས་གྲུབ་པའི་ཚོགས་ཆུང་ཞིག་འབྱོར་ཏེ། དགོན་པའི་དགེ་སྐོས་བློ་བཟང་ཚུལ་ཁྲིམས་ལགས་སུ་དགོན་པའི་ནང་ཆབ་སྲིད་ཀྱི་སློབ་གསོ་སྤེལ་རྒྱུ་ཡིན་པ་དང༌། སྐབས་དེར་གྲྭ་པ་གཅིག་ཀྱང་མ་ལུས་པར་འདུ་འཛོམས་བྱ་དགོས་པའི་ཚོགས་བརྡ་གཏོང་དགོས་ཚུལ་བརྗོད་ཡོད་འདུག་ལ། དགེ་བསྐོས་ཀྱིས་ཀྱང་དགེ་འདུན་པ་ཡོངས་ལ་དུས་ཐོག་ཚོགས་འདུར་བཅར་དགོས་ཚུལ་གསལ་བསྒྲགས་གནང་ཡོད་འང༌། ཚོགས་འདུའི་ཉྀན་དེར་གྲྭ་པ་གཅིག་ཀྱང་ཚོགས་བཅར་མ་གནང་སྟབས། རྫོང་ལས་བྱེད་ཀྱིས་ཐེངས་དེའི་སློབ་གསོའི་ལས་འགུལ་སྤེལ་མ་ཐུབ་པའི་འགན་འཁྲི་གཙོ་བོ་དགེ་སྐོས་བློ་བཟང་ཚུལ་ཁྲིམས་ལགས་ལ་ཐུག་ཡོད་པ་དང༌། ནམ་རྒྱུན་གྲྭ་མང་ལ་སློབ་གསོ་ཡག་པོ་རྒྱག་གི་མེད་པ། དགོན་པའི་སྒྲིག་ཁྲིམས་ཡག་པོ་མེད་པ། དགོན་པའི་འགན་འཁུར་མཁན་ཞིག་གིས་གྲྭ་པ་གཅིག་ཀྱང་ཚོགས་འདུར་བསྐོང་མི་ཐུབ་པར་དོགས་གཞི་ཡོད་ཚུལ་དང། སྲིད་གཞུང་གི་ཁྲིམས་ལུགས་སློབ་གསོ་དང་ལེན་མ་བྱས་པའི་ཉེས་མིང་འོག་དགོན་པའི་འགན་འཁུར་བླངས་ཤིང་ཆོས་ལུགས་མི་སྣའི་ཐོབ་ཐང་མེད་པར་བཟོས་པ་མ་ཟད། དགོན་པ་ནས་ཕྱིར་འབུད་བྱས་ཡོད་འདུག དགེ་སྐོས་བློ་བཟང་ཚུལ་ཁྲིམས་ལགས་ནི་ད་ལོ་དགུང་ལོ་ ༣༦ ཡིན་པ་དང༌། བྱ་ཁྱུང་དགོན་པའི་ཆོས་སྒོར་ཞུགས་ཏེ་ལོ་མང་ཕྱིན་ཡོད་སྟབས། དགེ་འདུན་པ་ ༤༠༠ ལྷག་གི་དགེ་བསྐོས་ཀྱི་འགན་ཁུར་ཡོད་པ་རེད།