ྋགོང་ས་མཆོག་རྒྱ་བོད་ལྷན་ཚོགས་སུ་ཕེབས་འཆར།
དེ་ཡང་སུད་སི་བོད་ཀྱི་མཛའ་འབྲེལ་ལྷན་ཚོགས་དང་རྒྱལ་སྤྱིའི་མཛའ་འབྲེལ་མཉམ་བསྡེབས་ཚོགས་ཆུང་གཉིས་ཀྱིས་གོ་སྒྲིག་བྱས་པ་ཞིག་ཡིན་པ་དང། ལྷན་ཚོགས་ཐོག་གི་བརྗོད་གཞི་གཙོ་བོ་ནི་རྒྱ་བོད་གཉིས་ཀྱི་གནད་དོན་གྱི་སྐོར་ཡིན་པ་རེད། དེ་ཡང་རྒྱལ་སྤྱིའི་མཛའ་འབྲེལ་མཉམ་བསྡེབས་ཚོགས་ཆུང་གི་སྐུ་ཚབ་ཇཱོ་ན་ཐན་མཆོག་གིས། ལྷན་ཚོགས་འདིའི་དགོས་དོན་གཙོ་བོ་ནི། རྒྱ་བོད་ཕྱོགས་གཉིས་ཀའི་དབར་སྔར་ལས་ལྷག་པའི་བསམ་ཤེས་ཀྱི་གོ་རྟོགས་མཐོར་འདེགས་བྱེད་རྒྱུ་དང༌། ཕྱོགས་གཉིས་ཀའི་གནད་དོན་དེ་ཞི་བདེའི་ལམ་ནས་ཇི་ལྟར་སེལ་ཐབས་ཀྱི་སྐོར་བགྲོ་གླེང་ལྷུག་པོ་གནང་རྒྱུ་དེ་ཡིན་ཞེས་བརྗོད་ཡོད་པ་རེད།
སུད་སི་བོད་ཀྱི་མཛའ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མི་མཁས་དབང་བཀྲིས་ཐག་བཟང་ལགས་ཀྱིས། རྒྱ་བོད་ཕྱོགས་གཉིས་ཀྱི་མཁས་དབང་མང་པོ་འདུ་འཛོམས་ཐུབ་པ་ནི། དངོས་གནས་ཚང་མས་དོ་སྣང་བྱེད་དགོས་པ་ཞིག་རེད་ལ། ལྷན་ཚོགས་འདིས་རྒྱ་ནག་ཕྱོགས་ལ་འགུལ་བསྐྱོད་ཐེབས་རྒྱུ་དང་ཞི་བདེའི་ཐབས་ལམ་ཞིག་བསྐྲུན་ཐུབ་ན། གླིང་ཕྲིན་ཨེ་ཤ་ཡ་ལའང་བརྟན་ལྷིང་ཡོང་བར་ཕན་ཐོགས་ཡོད་པ་རེད་ཅེས་བརྗོད་ཡོད་པ་རེད།
ད་དུང་ལྷན་ཚོགས་ཀྱི་འཆར་འགོད་ནང་རྒྱ་ནག་གི་དབང་འཛིན་པའི་ཕྱོགས་ནས། བོད་མི་ཚོའི་རང་དབང་སྒེར་ལངས་ཆེན་མོའི་རྒྱུ་རྐྱེན་གཙོ་བོ་དེ། བོད་མི་ངོ་ལོག་པ་དང་ཏཱ་ལའི་རུ་ཁག་གིས་བཟོས་པ་རེད་ཟེར་ནས། གོ་ནོར་ཐེབས་བཞིན་པའི་གནད་དོན་རྣམས་གཙང་སེལ་གྱིས། རྒྱ་བོད་ཕྱོགས་གཉིས་ནས་གོམ་སྟབས་མཉམ་དུ་བསྒྱུར་ནས། གཉིས་ཀའི་དཀའ་ངལ་ཐུན་མོང་གིས་སེལ་ཐབས་བྱེད་རྒྱུ་དེ་གལ་འགངས་ཆེན་པོ་ཡིན་ཚུལ་བརྗོད་ཡོད་པ་དང༌། ྋགོང་ས་མཆོག་གིས་ལྷན་ཚོགས་དེའི་ཉིན་འགའི་སྔོན་ནས། སུད་སི་ས་ཁུལ་ཁག་ལ་གསུང་ཆོས་གནང་འཆར་ཡོད་པ་རེད།།
