དྷ་སར་རྒྱ་གར་མི་གསུམ་གྲོངས་པ།
གསང་སྤྱོད་ཀྱི་ས་དོང་དེ་སྔ་ཉིན་དཔེ་ཤག་གི་འགྲོ་སོང་མང་པོ་བཏང་ནས་བཙོག་པ་ཆ་ཚང་གཙང་མ་བཟོས་ནས་སྟོང་པ་བཟོས་པ་དང། དོང་དེའི་ནང་དུ་སེ་མན་ཌིའི་འདམ་བག་གསར་པ་བརྒྱབ་ཡོད་འདུག མདང་དགོང་དགོང་དྲོ་རྒྱ་གར་གྱི་ལས་ཀ་བྱེད་མཁན་གྱི་མི་གསུམ་དེའི་ནང་དུ་ལས་ཀ་བྱེད་པར་བསྐྱོད་དུས་བསམ་ཡུལ་ལས་འདས་པ་ཞིག་ལ་དེའི་ནང་གང་ཡོང་མི་ཤེས་པའི་ཆུ་མང་པོ་འཁྱིལ་ཡོད་པའི་རྐྱེན་གྱིས་ཆུའི་ནང་དིམ་པ་དང་། ལྷག་པར་དུ་བཙོག་དྲི་རླངས་རྫས་ལྟ་བུ་ཤུགས་ཆེན་པོ་ཡོད་པ་དང་། མི་གསུམ་པོ་དེ་ཡང་ར་བཟི་ཡོད་པ་བཅས་རྐྱེན་མང་པོ་ལ་བརྟེན་ནས་འཆི་སྐྱོན་བྱུང་འདུག མདང་དགོང་མཚན་ཆུ་ཚོད་༡༢ ཙམ་ལ་ཕུང་པོ་ཕྱིར་འདོན་ཐུབ་པ་བྱུང་བ་དང་། དེ་རིང་ཁང་བདག་ཉེན་རྟོག་ལས་ཁུངས་སུ་ཕྱིན་ནས་དོན་རྐྱེན་དེའི་སྐོར་འདྲི་བརྩད་བྱེད་བཞིན་ཡོད་པའི་རྐྱེན་གྱིས་གནས་ཚུལ་ཡག་ཉེས་གང་ཞིག་ཐག་གཅོད་བྱེད་ཀྱི་ཡོད་མེད་ཤེས་རྟོགས་བྱེད་ཐུབ་མ་སོང་། ཁང་བརྩེགས་དེའི་བདག་པོའང་ཨ་རི་ནས་ཡོང་བའི་བོད་པ་ཞིག་ཡིན་པ་རེད། དེའི་སྐོར་མི་མང་ཁྲོད་ལྷ་ས་གསོལ་མགྲོན་ཁང་དུ་ཡིན་ཚུལ་ཁྱབ་ཡོད་ཀྱང་། དོན་དངོས་སུ་ལྷ་ས་གསོལ་མགྲོན་ཁང་དང་འབྲེལ་བ་མེད་པ་དང་། སྤྱིར་ཁང་བརྩེགས་གཅིག་པ་ཡིན་པ་ཙམ་གྱི་འབྲེལ་བ་རེད་ཅེས་འགྲེལ་བརྗོད་བྱས་སོང་།།
