མ་ཤི་ན་ཐུག་གི་རེད།

སྤུན་ཟླ་དང་གྲོགས་པོ། སྙིང་ཉེ་དང་མཛའ་མོ། བཟའ་ཚང་སོགས་ལ་སྙིང་གཏམ་གླེང་ས་ཞིག་ཡོད་པ་ནི་ཁ་པར་ཡིན།མཐུན་རྐྱེན་ཡོད་མཁན་ཞིག་མིན་ན་དེ་ཡང་དཀའ་ལས་ཁག་པོ་ཆགས་ནས་མི་ལོ་མང་བོ་ག་ཚོད་བྱིན་ཡང་རང་གི་བུ་ཕྲུག་དག་གིས་རང་གི་ཕ་མ་དག་གི་ཤི་གསོན་གྱི་གནས་ཚུལ་ཙམ་ཡང་ཤེས་ཐུབ་ཀྱི་མེད་པ་རེད་ལ། ཕ་མ་དག་གིས་རང་གི་བུ་ཕྲུག་དག་གི་ཤི་གསོན་ཡང་ཤེས་ཐུབ་ཀྱི་མེད་པ་རེད། ཡིན་ཡང་། དེབ་སྐབས་བརྡ་འཕྲིན་གྱི་དུས་རབས་འདི་ལ་མང་ཤོས་ཤིག་ལ་ཤི་གསོན་གྱི་གནས་ཚུལ་མི་ཤེས་པའི་དཀའ་ངལ་མི་ཤེས་པའི་གནས་ཚུལ་དེ་ནི་མེད་ཟེར་ནས་བརྗོད་ཆོག་ཀྱང་། རང་རང་གི་གང་བཤད་འདོད་པ་དག་བཤད་ཐུབ་མིན་དེ་ཡང་གནས་ཚུལ་གཞན་ཞིག་དང་གནད་དོན་གཞན་ཞིག་ཆགས་ཡོད་པ་རེད།

ཕྱི་རྒྱལ་ཡུལ་གྲུ་ཁག་ལ་སྡོད་མཁན་དག་གིས་རང་རང་གི་ཕ་མ་དང་ཉེ་དུ་ལ་སྐད་ཆ་ལྷོད་ལྷོད་ཅིག་བཤད་འདོད་ཡོད་ཀྱང་། གཞིས་གཞུགས་ཕ་མ་དང་སྤུན་ཟླ་དག་གིས་དེ་དག་ལ་ཉན་ཐུབ་མིན་དེ་ཡང་གནད་དོན་ཆགས་ཡོད་ལ། གཞིས་བཞུགས་ཕ་མ་དང་ཉེ་དུ་དག་གི་གནས་ཚུལ་གསལ་བོ་ཞིག་ལེན་རྒྱུ་དེ་ཡང་བསམ་བློ་བཏང་ནས་འདྲི་དགོས་པ་ཞིག་ཆགས་ཡོད་པ་རེད།

དེའི་སྟབས་ཀྱིས་འུ་ཅག་ལ་ཁ་པར་ཡོད་ཀྱང་ཁ་བརྡ་ལྷོད་ལྷོད་ཅིག་གི་དུས་ཚོད་དང་སྒོར་མོ་ཉུང་ངུ་རེ་ཡོད་ཀྱང་། སྒོར་མོ་ཡོད་པ་དང་དུས་ཚོད་ཡོད་པ་དེ་ཙམ་གྱིས་འུ་ཅག་གི་གནད་དོན་དེ་ནི་སེལ་ཐུབ་ཀྱི་མེད་པ་རེད་ལ། གནས་ཚུལ་དེ་དག་ཡང་ཤེས་ཐུབ་ཀྱི་མེད་པ་རེད། དེ་ནི་འུ་ཅག་བོད་ལ་སྐྱེ་བའི་ནག་ཉེས་ཡིན་ནམ། འུ་ཅག་གིས་བོད་སྐད་བཤད་ཤེས་པའི་ཡིན་ནམ། འུ་ཅག་གིས་རྒྱ་སྐད་ལ་བརྩི་བཀུར་དང་རྒྱལ་ཞེན་མེད་སོང་བའི་ཡིན་ནམ། གང་ལྟར། འུ་ཅག་ནི་དོན་དངོས་སུ་བོད་ལ་སྐྱེ་བ་ནོར་སོང་བ་ནི་ཡིན་རྒྱུ་མ་རེད།

བོད་པའི་བོད་སྐད་ཤེས་པ་ནི་ནོར་མེད་པར་རེ་བ་ཡོད་ལ། བོད་པས་བོད་སྐད་ཤེས་ཀྱི་བོད་མི་ཡིན་པས་གལ་ཆེན་ཏུ་ངོས་འཛིན་བྱེད་ཀྱི་ཡོད། བོད་པས་བོད་པ་ལ་ཁ་བརྡ་བྱས་པ་དེ་ཡང་ནག་ཉེས་ཤིག་མིན་ངེས་ཡིན་ལ། རྒྱ་མིས་རྒྱ་ལ་ཁ་བརྡ་བྱས་པ་ཡང་ནག་ཉེས་དང་ཁྲིམས་འགལ་ཏུ་དགྱའི་སྲིད་གཞུང་གིས་རྩ་ཁྲིམས་ནང་དུ་ཡང་བཀོད་མེད་ངེས་རེད། དེ་ལྟར་ཡིན་དུས་འུ་ཅག་གིས་བོད་སྐད་བཤད་ཤེས་པ་དེ་ཡང་ནག་ཉེས་ཡིན་མི་སྲིད། དེས་ན་འུ་ཅག་གིས་ཁ་པར་ལས་ཁ་བརྡ་ལྷོད་ལྷོད་ཅིག་བྱེད་མི་ཆོག་དོན་ཡོད་རྒྱུ་མ་རེད། གནས་ཚུལ་ཞིག་བཤད་རྒྱུ་དེ་ཡང་དོན་དངོས་ལ་འགལ་མེད་ངེས་རེད།

མ་ཤི་ན་ཐུག་གི་རེད་ཟེར་བས་སྐད་ཆ་དེ་ཙམ་གྱིས་འུ་ཅག་གིས་ཕན་ཚུན་ལ་སེམས་གསོ་བྱེད་བཞིན་ཡོད། དོན་དངོས་སུ་འུ་ཅག་གིས་རང་རང་གི་ཤི་གསོན་ནི་རང་རང་གི་ལག་པར་མེད་པ་ནི་འགྲོ་བ་མི་ཡོད་ཚད་ཀྱིས་ཤེས་གསལ་རེད། དེས་ན་འུ་ཅག་གིས་འུ་ཅག་ལ་གནད་དོན་ཞིག་བཤད་དགོས་ཀྱི་ཡོད་ལ་གནས་ཚུལ་ཞིག་ཀྱང་ཤེས་དགོས་ཀྱི་ཡོད་པ་རེད། དེ་ཡང་བོད་ལ་སྐྱེ་བའི་བོད་མི་ཞིག་གིས་རང་གི་རིགས་ལ་རང་གི་རིག་གཞུང་དང་སྲོལ་རྒྱུན་གླེང་རྒྱུ་ནི་མི་རིགས་སུ་ཞིག་ཡིན་ན་རྒྱའི་རྩ་ཁྲིམས་ནང་དུ་རང་དབང་ཡོད་པར་བཀོད་ཡོད་པ་རེད། ངེད་ཅག་གིས་དེ་དག་ལག་ལེན་བྱེད་པ་ལ་ནག་ཉེས་ཤིག་ཡོད་མི་སྲིད་པ་རེད།

མ་ཤི་ན་ཐུག་ངེས་རེད་ཟེར་ནས་ཁ་པར་གྱི་ཁྲོད་ནས་ངས་རང་གི་ཨ་ཞང་ཞིག་ལ་དེ་ལྟར་བཤད་པ་ཡིན་ལ། སྐྱེ་ས་གང་ནས་ཡིན་ན་ཤི་ས་ཡང་དེ་ནས་ཉན་ལོས་དགོས་ཟེར་ནས་བཤད་པ་ཡིན། ཨ་ཞང་ནི་སློབ་ཆུང་ཞིག་གི་འགན་འཛིན་དང་དགེ་རྒན་གཅིག་ལྕོགས་ཡིན་སྟབས། ཁོས་ཀྱང་ངས་བཤད་པའི་སྐད་ཆ་དེ་ཐོས་ནས་དགའ་ཡི་ཡོད་ཟེར་ནས་གསུང་ལན་གནང་སོང་ལ། ངས་ཀྱང་ཨ་ཞང་ཁྱེད་ནི་དངོས་ནས་མི་རིགས་ཤིག་ལ་མཚོན་ན་རླབས་ཆེན་གྱི་མི་སྣ་ཆགས་ཡོད་པ་རེད། དེ་ལས་ལྷག་པའི་རླབས་ཆེན་གྱི་ལས་ཀ་ནི་དངོས་ནས་ཡོད་པ་མ་རེད་ཅེས་སེམས་བསམ་པའི་སྐད་ཆ་ཞིག་ཁོང་ལ་ཞུས་དུས། ཨོ་ཡ་་། བཤད་རྒྱུ་ནི་དེ་འདྲ་ཟེར་ནས་བཤད་པ་རེད་མོད། དེང་སྐབས་དགེ་རྒན་དག་ལ་དེ་འདྲའི་ཐོངས་ཆེན་བྱེད་མཁན་དཀོན་ནི་རེད་ལ། དམིགས་བསལ་གྱིས་བོད་ཡིག་དགེ་རྒན་ང་འདྲ་བ་ཚོ་ལ་བརྩི་མཐོང་དང་ཤ་ཞེན་ཡོད་མཁན་ནི་ཇེ་ཉུང་རེད། འདི་ནི་དངོས་ནས་བློ་ཕམ་བྱེད་ཅིག་རེད་མ་གཏོགས། ང་ནི་རང་གི་ལས་ཀ་འདི་ལ་དངོས་ནས་དགའ་ཞེན་ཡོད་ལ་རང་གིས་བུ་ཕྲུག་མི་ཉུང་བ་ཞིག་ ལ་བོད་ཀྱི་སྐད་ཡིག་འདི་ཉིད་སློབ་ཐུབ་ཀྱི་ཡོད་པ་ནི་དངོས་ནས་རང་ཉིད་སེམས་བསམ་པའི་གཏིང་ནས་དགའ་བཞིན་ཡོད་ཟེར་ནས་གསུང་སོང་། དེ་ལྟར་ངེད་གཉིས་ཀྱི་ཆུ་ཚོད་གཅིག་ལྷག་གི་རིང་དུ་ཁ་བརྡ་བྱས་ཀྱང་། གནད་དོན་དངོས་ནས་དེ་གླེང་ཐུབ་ཀྱི་མི་འདུག་ལ་གནས་ཚུལ་དངོས་ནས་ཤིག་ལེན་ཐུབ་ཀྱི་མི་འདུག འདི་ནི་འུ་ཅག་གིས་བོད་སྐད་ཤེས་པའི་ལན་པ་མིན་པར་རེ་བ་ཡོད་ལ། འདི་ནི་འུ་ཅག་བོད་ལ་སྐྱེ་བའི་ནག་ཉེས་ཤིག་མིན་པར་དེ་བས་ཀྱང་རེ་བ་ཆེན་པོ་ཡོད། མཇུག་མཐར་ངས་ཁོང་ལ་སླར་ཡང་འདི་ལྟར་བཤད་པ་ཡིན། མ་ཤི་ན་ཐུག་གི་རེད་ཟེར་ནས་ཞུས་པ་ཡིན། ཁོས་ཀྱང་དངོས་ནས་སྐད་ཆ་དེ་གོ་ནས་དངོས་ནས་དགའ་ནི་ཡིན་གསུང་།

དོན་དངོས་སུ་འུ་ཅག་བོད་པ་འདི་ཚོ་ལ་རང་གིས་སྡོད་ས་ནས་ཁ་རོག་གེར་བསྡད་ཡོད་ཀྱང་། སྒོ་བརྡུང་མཁན་ཚོ་ཚུར་སླེབས་ནས་སྡོད་དུ་མི་འཇུག་པའི་སྐབས་འདིར། འུ་ཅག་གིས་ད་དུང་ཁོང་ཚོས་རེ་འདོད་བཞིན་བོད་མིས་བོད་ཡིག་མི་སྤྱོང་བ་དང་བོད་མིས་བོད་སྐད་མི་བཤད་པ། བོད་མིས་རང་གིས་སྲོལ་རྒྱུན་ལ་བརྩི་སྲུང་མི་བྱེད་པ་སོགས་བྱས་པ་ཡིན་ན་ཁོང་ཚོས་འུ་ཅག་ཁ་རོག་གེར་བདེ་ས་རུ་འདུག་གི་འཇུག་རྒྱུར་ཡིད་ཆེས་བྱེད་ཆོག་གི་ཡོད་དམ། སྤུན་ཟླ་ཚོ་ཁྱེད་ཅག་གིས་ག་རེ་དྲན།

༣༠།༧།༠༩