བོད། ནང་གིས་ལག་ལེན། ཕྱི་ཡིས་ཁ་འགུལ།

བོད་ཡིག་གི་སྟེང་ནས་གློག་ཀླད་དང་ལག་ཁྱེར་ཁ་པར་བཟོས་པས་མ་ཚད་བོད་མི་མི་ཉུང་བ་ཞིག་གིས་ཅ་དངོས་དེ་དག་དངོས་སུ་ཁྲོམ་རྭར་བཀྲམ་ཞིང་། བོད་མི་རིགས་ཀྱི་སྐད་ཡིག་གི་རིན་གོང་ཇེ་ཆེར་བཏང་སོང་ལ། གཞོན་སྐྱེས་ཆེས་མི་ཉུང་བ་ཞིག་གིས་བོད་ཡིག་གི་དྲ་རྒྱ་དང་དྲ་ཚིགས་ཆེས་མང་བོ་ཞིག་ལོ་ངོ་འདི་དག་གི་རིང་ལ་དགྱའི་བཙན་འོག་ནས་རང་ཤ་ལ་དྲོད་མ་ཡལ་བར་བྱས་རྗེས་རླབས་ཆེན་བཞག་སོང་། ཁ་ལས་ལག་ལེན་གཙོ་བོ་གནང་དེ་དགོན་སྡེ་དང་རི་གྲོང་ཡོད་ཚད་དུ་བོད་ཀྱི་སྐད་ཡིག་གི་དཔེ་དེབ་དང་དུས་དེབ། ཚགས་ཤོག་དང་གསར་འགྱུར་ལས་རིགས། ད་དུང་། གླུ་གཞས་གསར་རྙིང་གི་འདུ་ཚོགས་བསྐོང་ནས་བརྙན་འཁོར་དང་བརྙན་འཕྲིན། བོད་ཀྱི་ཡུལ་སྲོལ་གོམས་གཤིས་དང་འབྲེལ་བའི་གློག་བརྙན་འཁྲབ་གཞུང་ཆེས་མི་ཉུང་བ་ཞིག་བོད་ས་སྟོད་སྨད་བར་གསུམ་ནས་བཟོས་ཡོད་པ་དེ་དག་གིས་གཞིས་ལུས་མི་མང་གི་གཙོ་བའི་འཛམ་གླིང་གི་ཡུལ་གྲུ་གང་སར་གནས་པའི་བོད་རིགས་སྤུན་ཟླ་དག་ལ་རང་གི་ སྐད་ཡིག་གི་རིན་ཐང་དང་རང་གི་སྐད་ཡིག་སྟེང་ནས་བོད་རིགས་སྤུན་དག་ལ་བསམ་པའི་འབྲེལ་ཐག་ཡོད་པ་བཟོས་ཤིང་སྔ་ན་མེད་པའི་བྱས་རྗེས་བཞག་སོང་། འདི་དག་ནི་ཁ་ལས་ལག་ལེན་གཙོ་བོ་གཉེར་མཁན་གྱི་གཞིས་ལུས་བོད་མི་དག་གི་མཛད་རྗེས་ཡིན་ལ། མཛད་རྗེས་འདི་དག་གསེར་གྱི་གླེགས་བམ་ལས་ཀྱང་རྩ་ཆེན་ཡིན། འོན་ཀྱང་། བྱེས་པ་མི་ཉུང་བ་ཞིག་གིས་ད་དུང་དེ་དག་ལ་བསམ་ཤེས་དང་དེ་དག་གི་གདོང་ལེན་གྱི་དཀའ་ངལ་ཡོད་ཚད་ལ་རྒྱབ་སྐྱོར་བྱེད་ཐུབ་ཀྱི་མེད་པ་རེད།

 

དེ་ལས་ཀྱང་དབའ་ངར་ཞུམ་མེད་ཀྱིས་རང་གི་སྐད་ཡིག་གི་ཚེ་སྲོག་གི་ཆག་འཇིག་ལ་སེམས་ཀྱིས་མ་བཟོད་པ་དང་མི་རིགས་ཤིག་འཇིག་རྒྱུར་སེམས་ནས་བསྲན་མ་ཐུབ་པར་གཞིས་ལུས་པ་དག་གིས་ཉིན་མཚན་ལྟོས་མེད་དུ་ངལ་བ་དང་དུ་བླངས་དེ། རི་གྲོང་དང་ཡུལ་སྲོལ་གོམས་གཤིས་ཀྱི་བདག་དབང་ཆེད་དུ་ཐ་ན་རང་གི་ཚེ་སྲོག་ཚུན་ཆད་བློས་གཏོང་བྱེད་ཀྱི་ཡོད་པ་རེད། དེ་དག་ལ་བྱེས་པ་དག་གིས་རྣ་བའི་གོ་ཡོད་ཚད་དང་མིག་གིས་རིག་ཡོད་ཚོད་ཡིན།

 

 

བོད་བྱེས་པ་དག་གིས་མགོ་བཀའ་བློན་ནས་གཞུག་སྤྲང་བོ་ཚུན་ཆད་ཚང་མས་ནམ་རྒྱུན་ཏུ། བོད་ཀྱི་རིག་གཞུང་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གྱི་ཁ་གཡང་སྒྲོག་པ་ནི་བོད་ནང་ལས་ཤུགས་ཆེ་ཞིང་བོད་ནང་ལས་སྐད་གསེང་མཐོ། དོན་དངོས་ཐོག་བོད་ཀྱི་བཀའ་བློན་དག་གིས་རང་རང་གི་བུ་ཕྲུག་དག་ལ་ཡང་རང་མི་རིགས་ཀྱི་སྐད་ཡིག་རིག་གཞུང་ཐར་ཕྱིན་པ་ཞིག་ཤེས་པ་ལས་དབྱིན་ཡིག་ལ་སློབ་སྤྱོང་བྱེད་རྒྱུའི་དང་དོད་ཀྱིས་ཕྱི་རྒྱལ་ཁག་དུ་བསྐྱེད་སྲུང་བྱས་ཡོད་ལ་བོད་སྐད་ཙམ་ཡང་མི་ཤེས་ཟེར་རྒྱུ་དཀའ་ན་ཡང་བོད་ཀྱི་སྐད་ཡིག་ཤེས་མཁན་ཞིག་བསྐྱེད་སྲུང་བྱས་ཐུབ་མེད་པ་རེད། ཐ་ན་གཞུང་ཞབས་དག་གིས་ཀྱང་རང་གི་སྐད་ཡིག་སྟེང་ནས་སྐུར་ཡིག་ཙམ་ཞིག་འབྲི་ཤེས་མཁན་ཕར་ཞིག་རང་གི་མིང་ཙམ་ཡང་རང་གི་སྐད་ཡིག་སྟེང་ནས་འབྲི་མཁན་དཀོན་པོ་ཆགས་ ཡོད་པ་ནི་དངོས་ཡོད་གནས་ཚུལ་ཆགས་ཡོད་པ་རེད་མོད། ད་དུང་། བོད་ཀྱི་རིག་གཞུང་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གྱི་སྐད་ཆ་ནི་ཚོགས་ཐོག་དང་གཏམ་བཤད་གང་ནས་གནང་ན་དེ་ནས་བཤད་བཞིན་ཡོད། བོད་ཀྱི་སྲོལ་རྒྱུན་ལ་གཅེས་པའི་རྒྱག་གཏམ་ཁོ་ན་གླེང་བཞིན། ཐ་ན་རང་སྐད་དུ་ཡོད་པའི་ཐ་སྙད་དག་ཀྱང་གཞན་སྐད་ལས་རང་སྐད་མི་ཤེས་པའི་མི་རབས་ཤིག་བསྐྱེད་སྲུང་བྱས་ཡོད། ད་དུང་། དེ་དག་ལ་སེམས་དང་བསམ་པ་དཀར་པོའི་སྐྱོན་བརྗོད་དང་དག་ཐེར་བྱེད་མཁན་རེ་ཟུང་ཞིག་ཐད་ཀར་གདོང་དུ་བླངས་ན། དེའི་མིང་ལ་རྒྱའི་སོ་ཉུལ་བ་དང་ནང་དཀྲུགས་བྱེད་མཁན་གྱི་འཕུང་འདྲེ་སོགས་བཏགས་ནས་བྱེས་པའི་སྤྱི་ཚོགས་ཁྲོད་ནས་རྒྱང་འཕུད་གཏོང་ཐུབ་བྱེད་ཀྱི་ཡོད་ལ། བོད་རིགས་སྤུན་ཟླའི་འདུ་ཤེས་ཟབ་མོ་ཞིག་གིས་ཕན་ཚུན་ལ་བསམ་ཤེས་དང་རོགས་རམ་བྱེད་པའི་བསམ་བློ་ནི་ཧ་ཅང་དཀོན་ལ། དཔལ་འབྱོར་ཁོ་ནའི་འགྲན་རྩོད་ཀྱི་རེ་བ་ཞིག་གིས་ཕྱི་རྒྱལ་ཁག་ལ་འགྲོ་རྒྱུ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་སྐྱོབས་གསོ་རེག་ཐབས་སུ་ལོ་རྒྱུས་རྫུན་བཟོ་དང་མི་སྐྱ་བ་ཚོས་གྲྭ་བ་བརྫུ་མཁན་སོགས་མང་བོ་ཞིག་བྱུང་བཞིན་ཡོད་ལ། རང་གི་རྐང་གཉིས་དང་ལག་ཟུང་གཉིས་ལ་བརྟེན་ནས་དཀའ་ལས་རྒྱག་མཁན་ནི་ལོ་རེ་ནས་ལོ་རེ་ཇེ་ཉུང་དུ་འགྲོ་བཞིན་ཡོད།

 

དེ་བས་ཀྱང་རང་གི་སྐད་ཡིག་ལ་ཤ་ཞེན་དང་སྤྱོང་བརྩོན་བྱེད་པ་ལས་གཞན་ཡིག་ལ་འགྲམ་ཆུ་ཤོར་བ་དང་། གཞན་ཡིག་ཤེས་མཁན་ལ་བརྩི་བཀུར་དང་དགའ་ཞེན་བྱེད་པ་ལས། རང་གི་སྐད་ཡིག་ཤེས་མཁན་དང་རང་གི་སྐད་ཡིག་ལ་དུངས་ཤ་ཡོད་མཁན་དག་ལ་མཐོང་ཆེན་མི་བྱེད་པ་དང་བརྩི་བཀུར་མི་བྱེད་པ། བོད་ཡིག་ཤེས་མཁན་ནི་གྲྭ་ས་འགྲིམ་མཁན་ཞིག་ལས་བོད་སྤྱི་ཚོགས་འཚོ་བའི་ནང་དུ་དགོས་མཁོ་མེད་པར་ལྟ་མཁན་ནི་མཚན་མོའི་སྐར་ཚོགས་ལས་མང་ཞིང་། རང་གི་སྐད་ཡིག་ལ་གཅེས་ཞེན་དང་ཧུར་བརྩོན་བྱེད་མཁན་དག་ལ་ཐོངས་ཆེན་དང་བྱེད་མཁན་ནི་ཉིན་མོའི་སྐར་མ་ལས་དཀོན། ལོ་ངོ་ལྔ་བཅུའི་རིང་དུ་ས་ལག་འཐིལ་ཙམ་ཡང་མེད་ས་ནས། རང་གི་གཞིས་ཁྱིམ་ལྟར་འགྲོ་འདུག་སྤྱོད་གསུམ་ལ་རང་དབང་ཡོད་པ་ཞིག་བཟོ་མཁན་༧ ཁོང་གིས་བཀའ་དྲིན་ལ་བསམ་ཤེས་ཙམ་ཡང་མི་ཐུབ་མཁན་གྱི་གྲངས་འབོར་ཉིན་རེ་ནས་ཉིན་རེ་འཕར་བཞིན་ཡོད་ལ། བྱེས་པ་འདི་རིགས་ཀྱིས་བོད་ཡིག་སྤྱངས་པ་ལས་དབྱིན་ཡིག་སྤྱངས་དགོས་པར་རང་གི་བུ་ཕྲུག་དང་ཉེ་རིང་གྲོགས་པོ་སོགས་ལ་ཁ་བརྡ་སློབ་གསོ་བྱེད་པ་ལས། རང་ཉིད་དང་རང་གི་མེས་པོ་ཚོ་བྱེས་པ་ཆགས་དོན་ལ་བསམ་བློ་གཏོང་ཐུབ་ཀྱི་མེད་མེད་པར། ནམ་རྒྱུན་རང་གི་མི་རིགས་ཀྱི་ཆེད་དུ་ཁ་འགུལ་བ་ལས་ལག་ལེན་མེད་པར་གྱུར་ཡོད། ལྷག་པར་ཏུ་༧ཁོང་གིས་འདས་པའི་ལོ་ངོ་བཅུ་ཕྲག་ལྔའི་རིང་ལ་བྱེས་པ་དག་བསྡོད་ས་དང་བསྡོད་ཡུལ་ལ་དཀའ་ངལ་མེད་པ་དང་། རང་གི་རིག་གཞུང་ལ་བདག་གཅེས་བྱེད་རྒྱུའི་མཐུན་རྐྱེན་ཚང་མ་༧ཁོང་ཉིད་གང་སར་ཕེབས་ནས་སྐུ་ཚེགས་མཐའ་མེད་པ་ཞིག་མྱོང་བས་གྲུབ་འབྲས་ཀྱི་བོད་ཁྱིམ་ལ་སློབ་གྲྭ་བརྒྱ་ཕྲག་ཁ་ཤས་ཤིག་ལ་ཟ་འཐུང་དང་སློབ་སྤྱོང་གི་མཐུན་རྐྱེན་འཛོམ་པ་བྱས་ཡོད་ཀྱང་། ཀླད་པ་དང་ཁོག་པ་རུལ་ནས་འགྲོ་བཞིན་པའི་བྱེས་པ་འདི་དག་གིས་ཁ་ལས་ལག་ལེན་བྱེད་ཐུབ་ཀྱི་མེད་སྟབས། སྐུ་གཤེགས་དམ་པ་རྒན་བློ་བཟང་རྒྱ་མཚོ་མཆོག་གིས་ཀྱང་<ད་ལྟའི་འཆར་བཙན་བྱོལ་ ནང་དུ་བོད་ཀྱི་སྐད་ཡིག་གི་སྲོག་མགོ་ཙམ་ཐོན་པ་འདི་ནི་བོད་ནས་ཡོང་མཁན་གི་བཀའ་དྲིན་ཡིན་པ་ལས། བྱེས་པ་དག་གིས་གང་ཡང་འཇོན་མེད་>ཚུལ་གྱིས་བཀའ་སློབ་མ་གསུང་ཀ་མེད་བྱུང་བ་རེད།

 

 

མཇུག་ཏུ་རྩོམ་ཡིག་འདིས་ནང་དུ་དམའ་འབེབས་བྱས་པ་དང་ནོར་འཁྲུལ་སོགས་ཀྱི་ཆ་གང་ ཞིག་གཟིགས་ན་དེ་ལྟར་ཏུ་བདག་ལ་གསུང་དང་བདག་གིས་གང་ཤེས་པ་དེ་དག་མ་འཇོན་མ་ལོན་ པའི་ཚུལ་གྱིས་ལན་འདེབས་རྒྱུར་འབད་བརྩོན་བྱེད་ངེས་ཡིན།

ལས་ཞོར་ཏུ་༢༧།༧།༠༩བྲིས་པ་ཡིན།