ལྕམ་རེ་བྷ་ཡ་ཁེ་ཌར་མཆོག་གི་ལས་འགུལ།

    དེ་ཡང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་ཝུས་དཱ་ཝིས་ཀྱིས། ལྕམ་རེ་བྷ་ཡ་ཁེ་ཌར་ནི་གྲངས་ཉུང་མི་རིགས་ནང་འཚེ་བའི་ལས་འགུལ་སྤེལ་མཁན་ཞིག་ཡིན་པས། ཉི་ཧོང་གཞུང་ངོས་ནས་རྒྱ་ནག་དང་ཁ་བྲལ་གྱི་ལས་འགུལ་དེ་འདྲ་བ་སྤེལ་མཁན་ལ་སྟངས་འཛིན་ནན་པོ་བྱེད་དགོས་ཅེས་ཉེན་བརྡ་བཏང་ཡོད་རུང༌། ལྕམ་རེ་བྷ་ཁེ་ཌར་མཆོག་གིས་ཉི་ཧོང་གི་རང་དབང་མང་གཙོ་ཚོགས་པའི་འཐུས་མི་རྣམས་ལ་ཐུག་ཡོད་པ་དང༌།  དེ་བཞིན་གསར་འགོད་གསལ་བསྒྲགས་ཤིག་གི་ཐོག་ཏུ། རྒྱ་ནག་གིས་མུ་མཐུད་ནས་ཡུ་གུར་བར་དྲག་གནོད་བྱེད་བཞིན་པ་དེར། ཉི་ཧོང་གི་ཡུ་གུར་མི་རིགས་ལ་རྒྱབ་སྐྱོར་བ་ཚོས་མཐའ་གཅིག་ཏུ་ངོ་རྒོལ་བྱས་པ་དེས་ང་ལ་སེམས་ཚོར་ཆེན་པོ་སྟེར་བྱུང་ལ། ཉེ་དུས་ཤིན་ཅང་དུ་མི་གྲངས་༡༠༠༠༠ ཙམ་གར་སོང་ཆ་མེད་གྱུར་པ་རེད། གལ་སྲིད་མི་དེ་ཚོ་ཤི་ཡོད་ན་ཁོང་ཚོའི་ཕུང་པོ་གང་དུ་ཡོད་རེད། གལ་སྲིད་མི་དེ་དག་བཙོན་འཇུག་བྱས་ཡོད་ན་ས་གནས་གང་དུ་ཡོད་རེད། རྒྱ་ནག་གཞུང་གིས་ལན་ཁ་གསལ་རྒྱག་དགོས་ཞེས་དང༌། རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ལ་བྱེད་སྟངས་དེ་ཉེན་ཚབས་ཆེན་པོ་ཡིན་པས། དཀའ་ངལ་དེ་སེལ་བའི་ཐབས་ལམ་གཅིག་རང་ཡོད་པ་ནི། འཛམ་གླིང་ཡུ་གུར་མཐུན་ཚོགས་དང་རྒྱ་ནག་གི་དབང་འཛིན་པ་ཚོའི་དབར་གྲོས་མོལ་བྱེད་རྒྱུ་དེ་ཡིན་པས། ངའི་ངོས་ནས་རྒྱལ་སྤྱིའི་ཚོགས་པ་ཁག་ཚང་མས། རྒྱ་ནག་ལ་གྲོས་མོལ་གྱི་ལས་དོན་འདི་བྱེད་དགོས་པའི་སྐུལ་མ་གཏོང་རྒྱུའི་རེ་བ་ཡོད་ཅེས་བརྗོད་ཡོད་པ་རེད།
    ཟླ་༨ པའི་ཚེས་༨ ཉིན་ཨོ་སི་ཊོར་ལའི་ཡའི་གློག་བརྙན་མཛད་སྒོའི་ཐོག་ལྕམ་རེ་བྷ་ཡ་ཁེ་ཌར་མཆོག་ཕེབས་གཏན་ཁེལ་ཡོད་པ་དང༌། མཛད་སྒོའི་ཐོག་སྐུ་མགྲོན་ཁག་ཚོང་པ་དང༌། ཆབ་སྲིད་པ། གསར་འགོད་པ། སྒྱུ་རྩལ་པ། རྩོམ་པ་པོ་སྙན་གྲགས་ཅན་སོགས་མང་པོ་འཛོམས་རྒྱུ་ཡིན་པས། སྐབས་དེར་ལྕམ་རེ་བྷ་ཡ་རང་ཉིད་ཀྱི་མི་ཚེའི་དངོས་བྱུང་གི་ལོ་རྒྱུས་ཀྱི་གློག་བརྙན་ཞིག་གཟིགས་འབུལ་ཞུ་བ་དང་སྦྲགས་ནས། ཤིན་ཅང་ནང་གི་དངོས་ཡོད་ཀྱི་དཀའ་ངལ་དང༌། དཀའ་ངལ་དེ་དག་སེལ་ཐབས་སུ་གྲོས་མོལ་གྱི་ཐབས་ལམ་བརྒྱུད་དགོས་པའི་སྐོར་གསུང་བཤད་གནང་རྒྱུ་ཡིན་པ་རེད། རྒྱ་ནག་གཞུང་གིས་ཨོ་སི་ཊོར་ལའི་ཡའི་གློག་བརྙན་མཛད་སྒོའི་ཚོགས་གཙོ་རཱི་ཆར་ཐི་མོ་རཱི་མཆོག་ལ། ལྕམ་རེ་བྷ་ཡ་འཇིགས་སྐུལ་རིང་ལུགས་པ་ཡིན་པས་གློག་བརྙན་མཛད་སྒོའི་ཐོག་སྐད་གཏོང་མི་ཆོག་པའི་ཉེན་བརྡ་བཏང་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།