སྐྱེ་ལྡན་སོ་ནམ་ཉམས་ཞིབ་སྦྱོང་བརྡར་ཁང།
བྷེལ་ཀོབ་སོ་ནམ་ཉམས་ཞིབ་དང་སྦྱོང་བརྡར་ཁང་གི་ཚོགས་ཁང་དང་ཉལ་ཁང་གསར་རྒྱག་གི་རྩིས་ཁྲ་དང་ལས་བསྡོམས་སྒྲོགས་སྦྱང་སོགས་མཇུག་གྲུབ་རྗེས་སྐུ་མགྲོན་གཙོ་བོས་མཛད་སྒོའི་གསུང་བཤད་གནང་དོན། དུས་རྒྱུན་དུ་རྒྱ་གར་གྱི་རྒྱལ་ས་ཆེ་ཁག་གི་ནང་ལ་སྐྱེ་ལྡན་སོ་ནམ་གྱི་སྦྱོང་བརྡར་ཡོད་ས་དང་སྐྱེ་ལྡན་སོ་ནམ་གྱི་ལྟེ་གནས་དེ་ཚོའི་ནང་ལ་བཅར་དགོས་པ་རེད། དེ་འདྲའི་སྐབས་འགྲོ་སོང་ཆེན་པོ་ཡིན་པས་ང་རང་ཚོ་བཙན་བྱོལ་གཞུང་རང་གི་ཐད་གར་སྟངས་འཛིན་གྱི་འོག་ལ་སྦྱོང་བརྡར་ཁང་ཞིག་བྱུང་པ་ཡིན་ན་སོ་ནམ་སློབ་སྟོན་པ་གཙོ་བོར་གྱུར་བའི་ཞིང་པ་མང་ཚོགས་རེད། དེ་བཞིན་ཕྱི་ནང་གསང་གསུམ་གྱི་མི་སྣ་ག་འདྲ་ཞིག་ལ་སྐྱེ་ལྡན་སོ་ནམ་གྱི་བགྲོ་གླེང་བྱེད་མཁན་ཞིག་ཡིན་ན། ང་རང་ཚོའི་སོ་ནམ་གཞིས་ཆགས་ཁག་གི་ནང་ལ་ས་ཆུ་བདག་གཅེས་ཀྱི་མཚོན་པའི་ལས་གཞི་འདྲ་མིན་སྣ་ཚོགས་ཤིག་ཡོད་པ་ཡིན་ན། དེ་དག་ཕྱི་ལོག་གི་ལྟེ་གནས་ཁང་དང་དེ་འདྲ་ལ་སྦྱོང་བརྡར་མི་དགོས་པར་ང་རང་ཚོ་རང་གིས་ག་ལ་གང་འཚམ་རང་སྐྱ་འཕེལ་བ་ཞིག་བྱུང་ན་བསམས་ནས་སྐྱེ་ལྡན་སོ་ནམ་ཀྱི་ཕུགས་རེ་དེ་འདྲ་གནང་བ་རེད། ཡིན་ན་ཡང་༢༠༠༢ ཟླ་༦ ཚེས་༡༢ སྐྱེ་ལྡན་སོ་ནམ་གྱི་སྲིད་བྱུས་གཏན་ལ་ཕབས་པ་རེད། གཏན་ལ་ཕབས་པ་ནས་ད་ལྟ་བར་དུ་ལས་རིམ་སྣ་ཚོགས་ཤིག་ཕྱིན་པ་རེད། དེའི་ནང་ནས་ཉམས་ཞིབ་བྱེད་ས་ཞིག་དང་སྦྱོང་བརྡར་ཁང་ཞིག་ང་རང་ཚོར་དགོས་ཀྱི་ཡོད་པ་དེ་ཧ་ཅང་གལ་ཆེན་པོ་ཆགས་འདུག ཕྱི་ལོག་ལ་ཞིང་པ་མང་ཚོགས་གདན་འདྲེན་ཞུས་པ་ཡིན་ན། དང་པོ་འགྲུལ་བཞུད་ཀྱི་དཀའ་ངལ། གཉིས་པ་དེ་ལ་སྐད་བརྡ་འཕྲོད་མིན་གྱི་དཀའ་ངལ། འགྲོ་སོང་ཆེན་པོ་ཞིག་བཏང་ནས་སྦྱོང་བརྡར་སྤྲད་དུས། སྦྱོང་བརྡར་ཚར་བའི་རྗེས་ལ་ལག་ལེན་བསྟར་རྒྱུ་ཡང་དཀའ་ངལ་འཕྲད་སྡོད་པ་ལྟ་བུ། དེ་ནས་སློབ་ཁྲིད་གནང་མཁན་ཚོར་ཡང་སྐད་བརྡ་འཕྲོད་མིན་གྱྀ་གནས་སྟངས། ང་རང་ཚོའི་སྐྱེ་ལྡན་སོ་ནམ་གྱི་ལས་གཞི་ག་རེ་འགྲོ་ཡི་ཡོད་པ་དེ་གཞིར་བཟུང་མེད་ལྟ་བའི་གནས་སྟངས་ཡོང་དུས། རྗེས་མ་ཐོན་པའི་མཇུག་ཏུ་གཞིས་ཆགས་ལ་ཕྱིར་ཕེབས་པ་ཡིན་ན་ཡང་ཇི་མ་ཇི་བཞིན་ལག་ལེན་ལ་བསྟར་མ་ཐུབ་པ་སོགས་ཀྱི་དཀའ་ངལ་སྣ་ཚོགས་ཤིག་ཡོད་པས། དེ་ཚོའི་རིགས་ལ་ང་རང་ཚོས་འདིར་འདི་ལྟ་བུའི་སྦྱོང་བརྡར་ཁང་ཞིག་བྱུང་ན་ཕན་ཐོགས་ཆེ་བ་མེད་འགྲོ་བསམ་པའི་རེ་བ་དེ་འདྲ་ཁྱེར་བ་རེད། ཅེས་སྐྱེ་ལྡན་སོ་ནམ་ཉམས་ཞིབ་དང་སྦྱོང་བརྡར་ཁང་བཙུགས་དགོས་པའི་རྒྱུ་མཚན་དང་ཕུགས་རེ་བཤད་ཡོད་པ་རེད། ནང་སྲིད་ཞིང་འབྲོག་གི་སྡེ་ཚན་དེ་སྐྱེ་ལྡན་སོ་ནམ་ཉམས་ཞིབ་དང་སྦྱོང་བརྡར་ཁང་དུ་མང་བསྒྱུར་བྱས་པའི་ཕྱི་ལོ་༢༠༠༧ ཟླ་༤ ཚེས་༡ ནས་བཟུང་སོ་ནམ་ཞིང་པ་མང་ཚོགས་ལ་སྐྱེ་ལྡན་སོ་ནམ་དང་འབྲེལ་བའི་ཟབ་སྦྱོང་འདྲ་མིན་སྤྲད་ཡོད་པ་དང༌། ད་ལྟ་སྡེ་ཚན་འདི་ལ་ཞིང་ས་དང་ཁང་ས་བསྡོམས་ཨེ་ཀ་༨༡ དང་གུན་ཌ་༡༦ ཡོད་པ་ནས་ད་ཆ་དངོས་སུ་ཨེ་ཀ་༣༥ སྐྱེ་ལྡན་སོ་ནམ་ཐོག་བཟའ་འབྲུ་སྣ་ཚོགས་འདེབས་ལས་བྱེད་བཞིན་པ་དང། ཨེ་ཀ་༤ སྒོ་ཕྱུག་སེམས་ཅན་ཆེད་ཟན་རྩྭ་འདེབས་ལས། ཨེ་ཀ་༢ ཇ་ཁོ་ཧྤེ་དང་གཡེར་མ་འདེབས་ལས། ཨེ་ཀ་༡༩ ནང་སྡེ་ཚན་གྱི་སྒོ་ཕྱུགས་སེམས་ཅན་གྱི་རྩྭ་ཟའི་ཆེད་དང་འཕྲོ་མ་རྣམས་ཁང་ས་དང་ལམ་ཁ། ས་དུང་བེད་མེད་བཅས་ཆགས་ཡོད་པ་སོགས་ལས་བསྡོམས་ནང་འཁོད་ཡོད་པ་རེད། ད་དུང་ཉིན་མོ་འདིར་སྐྱེ་ལྡན་སོ་ནམ་གྱི་ཤེས་བྱའི་སྐོར་གྱི་དེབ་རིགས་གསུམ་སྒོ་འབྱེད་དང་འགྲེམས་སྤེལ་བྱས་པ་སོགས་ཞོགས་པའི་མཛད་སྒོ་གྲོལ་བ་དང་མཛད་སྒོར་ཞུགས་པའི་མི་སྣ་རྣམས་ཀྱིས་ལུད་སྦྱོར་དང་འཕྲུལ་རིགས་ས་ཞིང་སོགས་ལ་གཟིགས་སྐོར་གནང་ཡོད་པ་རེད། མེ་སོར་གསར་འགོད་པས།