ལས་འགུལ་སྤེལ་ཕྱོགས་སྐོར་བསམ་ཚུལ་མི་མཐུན་པ།
གནས་སྟངས་དེའི་འོག་བོད་མི་ཚོ་བལ་ཡུལ་དུ་གནས་བཟོད་མི་བདེ་བ་མང་པོ་འབྱུང་བཞིན་ཡོད་པས། ཀ་ཐ་མན་གྲུ་བཙན་བྱོལ་བོད་མིའི་བདེ་དོན་ལས་ཁུངས་ནས་ཕྱི་ཟླ་༧ པའི་ཚེས་༢༤ ཉིན་བོད་མི་ཚོས་རྔམ་སྟོན་ཁྲོམ་སྐོར་དང། ཞི་བའི་གོམ་བགྲོད་སོགས་ཀྱི་བོད་དོན་ལས་འགུལ་མཚམས་འཇོག་ཡོང་བའི་འབོད་སྐུལ་གསལ་བསྒྲགས་ཤིག་འགྲེམས་སྤེལ་བྱས་ཡོད་ནའང། དྭངས་བླང་བོད་དོན་ལས་འགུལ་བ་རྣམས་ཀྱི་ནང་དེ་ལ་ངོས་ལེན་བྱེད་ཐབས་མེད་པར་མུ་མཐུད་ལས་འགུལ་སྤེལ་དགོས་པའི་བསམ་ཚུལ་འབྱུང་བཞིན་ཡོད་པ་མ་ཟད། ཕྱི་ཟླ་༧ ཚེས་༢༥ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒོ་འགྲམ་དུ་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་རྒྱུ་ཡིན་པའི་གསལ་བསྒྲགས་ཀྱང་སྤེལ་ཡོད་པ་རེད།
བོད་མིའི་བདེ་དོན་ལས་ཁུངས་ཀྱི་གསལ་བསྒྲགས་དེའི་ནང་འཁོད་དོན། “བལ་ཡུལ་ནང་བོད་རིགས་བཙན་བྱོལ་བ་ཁྲི་ཚོ་གཉིས་ཙམ་གནས་སྡོད་བྱེད་མུས་ཡིན་པ་དང༌། བོད་དོན་བདེན་མཐའ་མ་གསལ་བར་གནས་ཡུལ་འདི་ཉིད་དུ་གནས་སྡོད་བྱེད་དགོས་པའང་བསམ་ཚོད་བྱེད་ཐུབ་པ་ཡིན། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། བཙན་བྱོལ་བོད་གཞུང་གིས་བོད་མི་རྣམས་ནས་སོ་སོ་གནས་སྡོད་བྱ་ཡུལ་གྱི་ས་གནས་གཞུང་གི་ཡུལ་ཁྲིམས་ལ་བརྩི་སྲུང་དྭངས་ལེན་ཐོག་ས་གནས་དེའི་གཞུང་མང་ལ་ཐུགས་སུན་མཛད་དཀའ་ཡོང་གཞིའི་བྱ་སྤྱོད་རིགས་བྱེད་ཐལ་མེད་པ་དམ་འཛིན་དགོས་པའི་ལམ་སྟོན་བཀའ་སློབ་རིམ་ཕེབས་ཚང་མའི་དགོངས་པར་མངའ་གསལ་དང༌”ཞེས་༢༠༠༨ ལོར་བོད་ནང་དུ་དྲག་གནོན་བྱས་པ་དང། བོད་ཕྱི་ནང་གཉིས་ནས་ལས་འགུལ་སྤེལ་བ་སོགས་ཀྱིས་སྐབས་དེར་ཡུལ་དུས་གནས་བབ་ཆ་ནས་བོད་མིའི་རྩ་དོན་ཐོག་དྲིལ་བསྒྲགས་ཀྱི་ཁེ་ཕན་གང་ལེགས་ཐོབ་ཡོད་པའི་སྐོར་འཁོད་ཡོད་པ་རེད།
གསལ་བསྒྲགས་དེའི་ནང་མུ་མཐུད་འཁོད་དོན། “ལས་འགུལ་ཇི་འདྲ་ཞིག་སྤེལ་རུང་ཚད་དང་ལྡན་པའི་འཆར་གཞིའི་འོག་སྤྱི་དང་སྒེར། འཕྲལ་དང་ཕུགས་གཉིས་ཀར་དགེ་སྐྱོན་ཁེ་ཕན་ཇི་ཐོབ་ལ་བསམ་ཞིབ་ནན་པོ་བྱེད་དགོས་པ་གནད་ཤིན་ཏུ་ཆེ་སྟབས། ད་ལྟའི་ཆར་རང་རེ་གནས་ཡུལ་རྒྱལ་ཁབ་ཀྱི་གནས་སྟངས་ཆ་ནས་ཞི་རྒོལ་སྐད་འབོད་སོགས་ཀྱི་ལས་འགུལ་གྱིས་རྩ་དོན་ཆེད་དྲིལ་བསྒྲགས་ཀྱི་ཁེ་ཕན་རྒྱ་ཆེ་མེད་ཁར། ཕ་རོལ་པོའི་གནོན་ཤུགས་འོག་གནས་ཡུལ་གཞུང་གིས་བོད་མིར་དམ་དྲག་དང་བྱེད་སྒོ་ཁག་ལ་བཀག་འགོག་གནང་རྒྱུར་ཁག་དཀྲིའི་གཞི་མར་གྱུར་ཏེ་དཀའ་ངལ་རིམ་འཕྲད་བྱུང་ཡོད། དཔེ་མཚོན་གསར་ཤོས་ནི། འདི་ལོ་རྒྱལ་བའི་སྐུའི་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོ་སྔར་ལམ་ལྟར་ས་གནས་གཅིག་ཏུ་མང་ཚོགས་མཉམ་འཛོམས་ཀྱིས་དུས་ཆེན་སྲུང་བརྩི་ཞུ་རྒྱུར་གློ་བུར་བཀག་བསྡོམ་བྱས་པ་དང༌། དེ་མཚུངས་ཕྱོགས་མཐའི་ས་གནས་ཁག་ཏུའང་སྔར་མེད་དམ་དྲག་བྱུང་ཡོད། དེས་ན་འབྱུང་འགྱུར་གཞུང་འབྲེལ་གྱི་ལས་འགུལ་སྤེལ་རིགས་བྱུང་ན་ལས་དེ་མིན་སྐད་འབོད་ངོ་རྒོལ་དང༌། གོམ་བགྲོད་སོགས་ཀྱི་ལས་འགུལ་རིགས་སྤེལ་མཚམས་འཇོག་རོགས་ཞེས་འབོད་སྐུལ་ཞུ་ཡི་ཡོད། འབོད་སྐུལ་འདི་དག་ལ་ལྟོས་མེད་ཀྱིས་ལས་འགུལ་རིགས་སྤེལ་བའི་རྐྱེན་གྱིས་ས་གནས་གཞུང་གིས་འཛིན་བཟུང་དོ་དམ་འོག་ཚུད་ཚེ་འདི་ནས་རོགས་ཕན་སོགས་གང་ཡང་བྱ་ཐབས་མེད་པའང་ཚང་མས་དགོངས་འཇགས་ཡོང་བ་ཞུ་ཡི་ཡོད། བོད་དོན་ཆེད་ཞུ་འབོད་ཀྱི་ལས་འགུལ་སྐད་འབོད་ཁོ་ན་མ་ཡིན་པར་མི་སྣ་ངོ་མཇལ་དང༌། ཡིག་ལམ་སོགས་ནས་ཞུ་རྒྱུའི་བརྒྱུད་ལམ་མང་དག་ཡོད་པའང་མཁྱེན་གལ་སྙམ། སྐྱབས་བཅོལ་བོད་མིའི་གཞུང་འབྲེལ་ལས་ཁུངས་ནས་ངོ་སྦྱོར་མེད་པར་ཞལ་འདེབས་བསྡུ་སློང་བྱ་མིར་ཡང་ཞལ་འདེབས་འབུལ་འོས་མཆིས་མིན་དགོངས་པ་ཟབ་བཞེས་གནང་གལ། མདོ་དོན་འཛམ་གླིང་འདིར་ཕན་བདེའི་འབྱུང་རྩ་ནང་པ་སངས་རྒྱས་པའི་ཆོས་དང་བོད་ཀྱི་མི་རིགས་དར་སྤེལ། སྐད་ཡིག་དང་རིག་གཞུང་གོམས་གཤིས་བཅས་མི་ཉམས་རྒྱུན་འཛིན་སྲུང་སྐྱོབ་གནང་རྒྱུའི་ལས་འགུལ་སྣ་མང་ཡོད་པ་དེ་དག་དམ་འཛིན་ཐོག སེར་སྐྱ་མི་མང་ཚང་མས་ཡུལ་དུས་གནས་བབ་ལ་གཞིགས་ཏེ་བབས་ལྷིང་བརྟན་གསུམ་མཛད་གལ་ཆེ་བས་དེ་དོན་དགོངས་བཞེས་ཟབ་ནན་ཡོང་བ་ཞུ་རྒྱུ་བཅས”ཞེས་ཡོད་པ་རེད།།